ཉིས་སྟོང་ཉེར་བཞི་ལོའི་སྐོམ་པས་མནར་བའི་སེང་གེ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཅོར་ཏན་ནས་སྤེལ།
2024.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཅོར་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་ཉིས་སྟོང་ཉེར་བཞི་ལོའི་སྐོམ་པས་མནར་བའི་སེང་གེ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཚེས་ཉེར་གསུམ་ཉིན་བར་སྤེལ་རྒྱུ་ཡིན་ལ། ཨ་མེ་རི་ཁ་དང་། ཅོར་ཏན་སོགས་ཨ་རབ་རྒྱལ་ཁབ་བཅུ་གཅིག་འདུས་པའི་རྒྱལ་ཁབ་སོ་གསུམ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད།

ཅོར་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ཞེ་ཡཱ་ལི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྐོམ་པས་མནར་བའི་སེང་གེ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་དབུས་ཤར་ས་ཁུལ་གྱི་ཆེས་གལ་ཆེ་བའི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ཀྱི་སྐམ་མཚོ་མཁའ་གསུམ་དམག་དཔུང་ལས་གཞན། སྲིད་གཞུང་དང་སྲིད་གཞུང་མ་ཡིན་པའི་ལས་ཁུངས། མི་ཆོས་རིང་ལུགས་ཀྱི་རྩ་འཛུགས་རེ་འགའ་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཅོར་ཏན་བྱང་ཕྱོགས་དང་དབུས་ཕྱོགས། ལྷོ་ཕྱོགས་བཅས་ས་ཁུལ་དུ་སྤེལ་རྒྱུ་ཡིན་པ་དང་། སྐོམ་པས་མནར་བའི་སེང་གེ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་བརྩམས་པའི་ཚུན་ལ་གཞི་རྒྱ་ཆེས་ཆེ་བའི་ཐེངས་ཤིག་ཡིན་ཀྱང་ས་ཁུལ་གྱི་གནས་བབ་ལ་འབྲེལ་བ་མེད་ཟེར།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་དག་གིས་འཇིགས་སྐུལ་རིང་ལུགས་ལ་རྩ་འཛུགས་དང་དེའི་རྒྱབ་སྐྱོར་མཁན། མི་བསྡད་མེད་པའི་གནམ་གྲུ། གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་གཏོང་བ་སོགས་རྒྱལ་ཁོངས་བརྒལ་བའི་འཇིགས་ཉེན་གནད་དོན་གསར་བར་ཆམ་ཕབ་གཏོང་བའི་གནད་དོན་ཐད་ཐུན་མོང་ལྟ་ཚུལ་བྱུང་བར་མ་ཟད། ཐག་གཅོད་བྱེད་ཐབས་ཆེས་བཟང་བོ་འཚོལ་ཞིབ་བྱས་པ་དང་། དེའི་ཞོར་དུ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ཀྱི་སྐམ་མཚོ་མཁའ་གསུམ་གྱི་དམག་དོན་འགུལ་སྐྱོད་དང་མཁོ་སྒྲུབ་འགན་སྲུང་། རང་བྱུང་གནོད་འཚེ་དང་འགོ་ནད་ཐད་ཀྱི་འགུལ་སྐྱོད་འཆར་འགོད་དང་དམིགས་འབེན་སོགས་ཐག་གཅོད་བྱེད་པར་མཐུན་སྦྱོར་བྱེད་རྒྱུ་ཡིན།

ཅོར་ཏན་གྱིས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་སྐོམ་པས་མནར་བའི་སེང་གེ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། ཉིས་སྟོང་ཉི་ཤུ་ལོ་དང་ཉིས་སྟོང་ཉེར་གཅིག་ལོ། ཉིས་སྟོང་ཉེར་གསུམ་ལོ་བཅས་ལ་སྤེལ་མཚམས་བཞག་པ་ལས་གཞན་ལོ་རེར་ཐེངས་རེ་སྤེལ། ད་ལོ་ནི་ཅོར་ཏན་གྱིས་ཐེངས་བཅུ་གཅིག་པར་སྐོམ་པས་མནར་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།