ཀྲུང་གུང་འཐུས་ཚབ་ཚོགས་པས་ལའོ་ཝའོ་རུ་འཚམས་འདྲི་བྱས།
2024.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ5ཚེས9ཉིན་ནས་ཚེས12ཉིན་བར། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲའོ་ཧྲི་ཐུང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ལའོ་ཝའོ་རུ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པིན་ཐུང་སོགས་དང་ཐུག་འཕྲད་བྱས་ཤིང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁཱན་ཕན། ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཐུང་ཧྲ་ཝན། ལའོ་ཝའོ་ཏང་སྲིད་སྡེ་ཁག་གི་འགན་ཁུར་མི་སྣ་སོགས་དང་བཞུགས་མོལ་བྱས།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་དང་དངོས་འབེབས་བཟང་པོ་བྱེད་པ། ཏང་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་རྡང་མཉམ་སྦྲེལ་གྱིས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་རྒྱུ་བཅས་ལ་མོས་མཐུན་ཡིན་པའི་ཚུལ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།