པ་ཞིའི་ལྷོ་རྒྱུད་ནན་ལིས་ཨའོ་ཀི་ལན་ཏི་ཁུལ་དམངས་སྲུང་སྡེ་ཁག་གིས་ཚེས12ཉིན་གྱི་དགོང་མོར་བཤད་རྒྱུར། ཟླ4པའི་ཟླ་མཇུག་ནས་བཟུང་ཁུལ་དེར་དྲག་ཆར་བབས་པ་ལས་ཆུ་ལོག་དང་རི་ཉིལ་སོགས་ཀྱི་གནོད་འཚེ་ཕོག་ནས་མི143རྐྱེན་ལམ་དུ་ཤོར་བ་དང་། མི131གར་སོང་མ་རྙེད་ཅིང་། མི་འབུམ5ལྷག་ཙམ་འགྲོ་སའི་ཁྱིམ་མེད་པར་གྱུར།
དམངས་སྲུང་སྡེ་ཁག་གིས་བཤད་རྒྱུར། མིག་སྔར་ནན་ལིས་ཨའོ་ཀི་ལན་ཏི་ཁུལ་གྱི་གནས་སྐབས་ཉེན་གཡོལ་ཁང700ལྷག་ཙམ་ནང་མི་ཁྲི8ལྷག་ཙམ་བཀོད་སྒྲིག་བྱས་ཡོད། གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཁུལ་དེའི་ས་ཁུལ་མང་པོ་ཞིག་ཏུ་དྲག་ཆར་བབས་པ་དང་གཙང་པོའི་ཆུ་མུ་མཐུད་དུ་རྒྱས་ཡོད་པས་སླར་ཡང་ཆུ་ལོག་འབྱུང་སྲིད་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་སྲིད་གཞུང་གིས་ཕྱིར་འཐེན་བྱས་པའི་སྡོད་དམངས་གནས་སྐབས་ཕྱིར་ལོག་མི་བྱེད་པའི་ཐ་ཚིག་བསྒྲགས་པ་རེད།
གནམ་གཤིས་སྔོན་བརྡ་ལས་མངོན་པ་ལྟར་ན། ཚེས15ཉིན་བར་ཆར་པ་རྒྱུན་མཐུད་ནས་འབབ་རྒྱུ་ཡིན་པ་དང་གྲང་རྒྱུན་གྱིས་ཁུལ་དེའི་ལྷོ་རྒྱུད་དུ་སད་ཆགས་བཟོ་སྲིད།
ཤ་བོ་གསེར་མཚོས་བསྒྱུར།