དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས12ཉིན་ཏི་ཧེ་ལན་ནས་བཤད་རྒྱུར། ལོ་གཅིག་ལྷག་གི་རིང་ལ། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་འཕེལ་རྒྱས་ཁྱབ་ཁོངས་མང་བོ་ནས་གྲུབ་འབྲས་ཐོབ་པ་དང་། དབྱི་ལིང་ཕྱོགས་ཀྱིས་དེར་དགའ་བསུ་བྱེད་བཞིན་ཡོད།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་སྐབས་གསུམ་པའི་དབྱི་ལིང་དང་ཨ་རབ་ཀྱི་གྲོས་མོལ་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། གྲོས་མོལ་ཚོགས་འདུའི་སྟེང་། ཨ་རབ་རྒྱལ་ཁབ་བཅོ་ལྔ་ནས་ཡོང་བའི་ཆེད་མཁས་པ་དག་གིས་དབྱི་ལིང་ཕྱོགས་དང་མཉམ་དུ་འཛམ་གླིང་གི་སྒྲིག་ལམ་གསར་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་གནས་ཚུལ་གྱི་དཔྱད་འཇོག་ལས་མངོན་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་མང་བོའི་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་ཡོད་པ་དང་། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གོ་སྐབས་མང་བོ་ཡོད་ཟེར། ཁོས་བསྟན་དོན། དབྱི་ལིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཁཱ་ཐར། ཨ་མན། ཁི་ཝེ་ཐི་བཅས་ཀྱི་བར་དུས་རིམ་གསར་བའི་མཉམ་ལས་སྤེལ་མགོ་བརྩམས་ཡོད་ལ། དབྱི་ལིང་གིས་ས་ཁུལ་དེའི་རྒྱལ་ཁབ་བར་གྱི་རྒྱུས་ལོན་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།