ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་ཚེས13ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མིན་གྱི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་། ཆབ་སྲིད་ཕྱི་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་བཏང་།

ཀིན་ཧྲོང་གིས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པར་ཆབ་སྲིད་ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་དགོས། འབྲེལ་ཡོད་ཕྱོགས་སོ་སོས་ཡེ་མིན་མི་དམངས་ཀྱི་ཐུན་མོང་གི་བདེ་སྐྱིད་ལ་དམིགས་ཏེ། ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས་འགོག་རྐྱེན་སེལ་བ་དང་ཕྱོགས་གཅིག་ཏུ་སྐྱོད་དེ། “ཡེ་མིན་གྱི་མིས་གཙོ་ཁྲིད་བྱེད་པ་དང་། ཡེ་མིན་གྱི་མི་ལ་དབང་བའི”ཕྱོགས་ཡོངས་ཀྱི་ཆབ་སྲིད་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཕྱོགས་སོ་སོ་དང་ལྷག་པར་དུ་ཡེ་མིན་གྱི་གནས་བབ་ལ་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཀྱིས་དེར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

ཀིན་ཧྲོང་གིས་བསྟན་དོན། ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པར་རྒྱ་མཚོ་དམར་པོའི་གནས་བབ་གང་མགྱོགས་སྒོས་ཇེ་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧུའུ་སའེ་དྲག་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་ཚོང་ལས་གྲུ་གཟིངས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རྒྱ་མཚོ་དམར་པོའི་ཆུ་ཁོངས་སུ་སྐྱོད་པའི་དབང་ཆར་བརྩི་འཇོག་བྱས་ཏེ། འབྲེལ་ཡོད་འཇབ་རྒོལ་གྱི་བྱ་སྤྱོད་མྱུར་མོར་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན། འབྲེལ་ཡོད་ཕྱོགས་སོ་སོས་བཟོད་སྒོམ་བྱས་ཏེ། ཛ་དྲག་གི་གནས་བབ་ཇེ་དྲག་ཏུ་གཏོང་བའི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཀིན་ཧྲོང་གིས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པར་མི་ཆོས་སྔོན་ལ་འཇོག་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མིན་ལ་མི་ཆོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞལ་འདེབས་ཁས་ལེན་གང་མགྱོགས་མངོན་འགྱུར་བྱེད་དགོས་པ་དང་། ཟས་རིགས་དང་སྨན་རྫས་སོགས་ཡེ་མིན་མི་དམངས་ལ་མྱུར་དུ་མཁོ་བའི་དངོས་ཟོག་མཁོ་འདོན་བྱེད་དགོས།

ཀིན་ཧྲོང་གིས་ཡེ་མིན་གྱི་གནས་བབ་དང་རྒྱ་མཚོ་དམར་པོའི་གནས་བབ་དེ་ཅ་ཧྲའི་གདོང་གཏུག་དང་འབྲེལ་བ་དམ་ཟབ་ཡོད། གདོང་གཏུག་དོན་རྐྱེན་བྱུང་ནས་ད་ལྟའི་བར་ཟླ་བ7ལྷག་ཙམ་སོང་བའི་རིང་། མང་ཚོགས་ལ་སྔར་བྱུང་མ་མྱོང་བའི་ཤི་རྨས་དང་མི་ཆོས་ཀྱི་གནོད་འཚེ་བཟོས་ཡོད་ལ། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དེའང་ཉེན་ཁར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྟེང་གྲོས་འཆམ་བྱུང་བའི་གྲོས་ཆོད་ཨང་2712པ་དང་། ཨང་2720པ། ཨང་2728པ་བཅས་དོན་འཁྱོལ་གང་མགྱོགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱི་སི་རལ་གྱི་དྲག་གནོན་ལ་ཁ་ཏ་བསླབ་བྱ་བྱེད་པའི་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་ཡིན་པར་བསྟན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མུ་མཐུད་ཅ་ཧྲའི་དམག་འཁྲུག་ཞི་འཇགས་སུ་གཏོང་བ་དང་། མི་ཆོས་ཀྱི་གནོད་འཚེ་ཇེ་ཆུང་དུ་གཏོང་བ། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་མངོན་འགྱུར་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད་པའི་བསམ་ཚུལ་བསྟན།

ཚེ་རིང་སྒྲོལ་མས་བསྒྱུར།