ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས14ཉིན་དངོས་སུ་ཡོ་རོབ་གླིང་གནས་སྤོར་སྡོད་དམངས་དང་འགེབས་སྲུང་བཅའ་ཁྲིམས་ཀྱི་བཅོས་བསྒྱུར་ཇུས་གཞིར་དངོས་སུ་ཆོག་མཆན་བཀོད་དེ། ནུས་མཐོ་དང་གཅིག་གྱུར་གྱི་ལས་རིམ་གསར་གཏོད་བྱས་ནས། སྔར་ལས་གོ་རིམ་ལྡན་པར་མི་སྣའི་འགྲོ་འོང་ལ་དོ་དམ་བྱས་པར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་འགན་འཁྲི་མཉམ་བགོ་བྱེད་པར་འགན་སྲུང་བྱས།
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་བཅོས་བསྒྱུར་ཇུས་གཞིར་ཁྲིམས་འཛུགས་བཅའ་ཁྲིམས་སྣ་བཅུ་འདུས་པ་དང་། ད་ལྟ་ལག་བསྟར་བྱེད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འགེབས་སྲུང་དང་གནས་སྤོར་སྡོད་དམངས་ལམ་ལུགས་ལ་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་རྒྱུ་ཡིན་ལ། ནང་དོན་ནི་བསྡུ་ལེན་ཆ་རྐྱེན་དང་འགེབས་སྲུང་ལས་རིམ། འགེབས་སྲུང་། གནས་སྤོར་སྡོད་དམངས་ཀྱི་དོ་དམ། ཡང་བསྐྱར་བཀོད་སྒྲིག ཉམས་ཉེན་དོ་དམ་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ཟེར།
མཚམས་སྦྱོར་བྱས་པ་ལྟར་ན། གཏན་འཁེལ་གསར་བ་ལས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འགེབས་སྲུང་རེ་ཞུ་ཐག་གཅོད་བྱེད་པའི་འགན་འཁྲི་གསལ་བོ་བྱས་ཡོད་པ་དང་། མཐུན་སྒྲིལ་རྐྱེན་སྲོལ་ཡང་ནང་འདྲེན་བྱས་ཏེ་ཁོངས་གཏོགས་རྒྱལ་ཁབ་བར་འདྲ་མཉམ་གྱིས་འགན་འཁྲི་ལས་བགོས་བྱེད་པར་འགན་སྲུང་བྱས་ཡོད།
ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་པུས་ལི་ཧྲིའི་འགེབས་སྲུང་དང་གནས་སྤོར་སྡོད་དམངས་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་དྲུང་ཡིག་ཆེན་མོ་ནེ་ཁི་ཨར་ཏི་མའོ་ཨར་གྱིས་གསལ་སྒྲོག་ནང་བཤད་རྒྱུར། བཅོས་སྒྱུར་ཇུས་གཞི་དེས་སྔར་ལས་འདྲ་མཉམ་དང་སྟོབས་ལྡན་གྱི་གནས་སྤོར་སྡོད་དམངས་ལམ་ལུགས་ཤིག་འཛུགས་པར་འགན་སྲུང་ཐུབ་ངེས་ཡིན་ཟེར། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་མུ་མཐུད་དུ་རྒྱལ་ཁབ་གཞན་པའི་བར་མཉམ་ལས་ཟབ་མོ་བྱས་ནས། གནས་སྤོར་སྡོད་དམངས་ཀྱི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་ཀྱིས་མ་འོངས་པའི་ལོ་ངོ་གཉིས་ཀྱི་ནང་བཅའ་ཁྲིམས་དེ་དག་ལག་ལེན་དུ་བསྟར་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།