ཚེས14ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ལི་པི་ཡ་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ནག་ཉེས་ཚབས་ཆེན་ལ་ཆད་པ་གཅོད་པ་བརྒྱུད། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
ཏའེ་པིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་ཉམས་ཉེན་དང་འགྲན་སློང་ཚབས་ཆེན་གྱི་མདུན་དུ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུ་དང་། འདྲ་མཉམ་གཅིག་གྱུར་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་བཀོལ་སྤྱོད་བྱེད་རྒྱུ། ཚད་གཞི་ཉིས་བརྩེགས་དང་དམིགས་བསལ་རིང་ལུགས་མི་འབྱུང་པ་བཅས་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་བསྟན།
ཏའེ་པིན་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ལི་པི་ཡར་ལས་དོན་སྤེལ་བའི་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་གྱོད་གཞི་དེ2011ལོར་ཕུལ་བ་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཞིབ་དཔྱོད་དཔོན་གྱིས་བཏོན་པའི“བརྟག་དཔྱད་ལེགས་སྒྲུབ་ཀྱི་ལམ་ཐིག་རི་མོར” དོ་སྣང་བྱུང་ཡོད། དུས་རིམ་རྗེས་མའི་ལས་དོན་ཁྲོད་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས《རོ་མའི་གན་རྒྱའི》ནང་གཏན་འབེབས་བྱས་པའི་ཁ་གསབ་བདག་སྐྱོང་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ནས། རང་ཚུགས་དང་ཕྱི་རོལ་ཡུལ་དང་མཐུན་པ། དྲང་གཞག་བཅས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དོ་བདག་རྒྱལ་ཁབ་ཀྱི་ཁྲིམས་འཛིན་བདག་དབང་དང་ལུགས་མཐུན་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱས་ཏེ། ལི་པི་ཡའི་དབང་འཛིན་ལས་ཁུངས་དང་འབྲེལ་གཏུག་མཉམ་ལས་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་པར་བསྟན།
ཏའེ་པིན་གྱིས་ལི་པི་ཡ་ཞི་བདེ་བརྟན་འཇགས་ཡོང་བ་བྱ་རྒྱུ་ནི་ཁྲིམས་འཛིན་དྲང་གཞག་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“མིར་ཕན་པ་གཙོ་ཁྲིད་དང་མིར་ཕན་པ་ཡོད་པའི”རྩ་དོན་མཐའ་འཁྱོངས་བྱས་ནས། ལི་པི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་ལི་པི་ཡའི་ཕྱོགས་ཁག་གིས་གྲོས་མོལ་མཐུན་སྦྱོར་བྱེད་པ་དང་ཆབ་སྲིད་བར་བརྒལ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཕྱི་ཕྱོགས་ཀྱི་ཐག་གཅོད་ཇུས་གཞིའི་བཙན་འགེལ་ལས་གཡོལ་དགོས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་འབྲེལ་ཡོད་ལས་དོན་སྤེལ་ཚེ། ལི་པི་ཡའི་ཕྱོགས་ཁག་གིས་མཐུན་སྒྲིལ་གཅིག་གྱུར་ལ་ཤུགས་སྣོན་བྱས་ནས་མི་མཐུན་པའི་འགལ་རྐྱེན་ཆེ་རུ་གཏོང་བ་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།