ཡོ་རོབ་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་བཅད།
2024.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས14ཉིན་ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་བཅད་པ་དང་། ཚོད་འཛིན་བྱེད་ཐབས་དེ་འཕུར་མདའི་ཁྱབ་ཁོངས་སུ་རྒྱ་ཆེར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས།

ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་བ་ལྟར་ན། ཡོ་རོབ་མནའ་འབྲེལ་གྱིས་དབྱི་ལིང་གི་འཕུར་མདའ་དང་མི་མེད་གནམ་གྲུ་འདོན་སྤྲོད་དང་ཕྱིར་འཚོང་བྱེད་པའམ་ཡང་ན་བྱ་ཐབས་གཞན་དག་གི་ཐོག་ནས་མི་སྒེར་དང་ཚོགས་པ་ལ་རྒྱུ་ནོར་བཀག་འཇོག་དང་ཡུལ་སྐོར་བྱེད་མི་རུང་བའི་བཀག་སྡོམ་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། མ་དངུལ་དང་ཡང་ན་དཔལ་འབྱོར་ཐོན་ཁུངས་འདོན་སྤྲོད་གཏན་འགོག་བྱ་རྒྱུ་ཡིན་ཞེས་བཀོད་ཡོད།     གཞན་ཡང་ཡོ་རོབ་མནའ་འབྲེལ་གྱིས་ད་དུང་དབྱི་ལིང་ལ་མི་མེད་གནམ་གྲུ་གསར་སྤེལ་དང་ཐོན་སྐྱེད་ཐད་སྤྱོད་པའི་ལྷུ་ལག་སྔར་ལས་མང་བོ་ཕྱིར་གཏོང་བ་གཏན་འགོག་བྱ་རྒྱུ་རེད།

ཡོ་རོབ་མནའ་འབྲེལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབྱི་ལིང་ལ་བཀག་སྡོམ་བྱས་ནས་དབྱི་ལིང་ལ་མི་མེད་གནམ་གྲུ་བཟོ་སྐྲུན་དང་ཐོན་སྐྱེད་བྱེད་པར་སྤྱོད་པའི་ལྷུ་ལག་ཕྱིར་གཏོང་བ་གཏན་འགོག་བྱེད་པ་དང་ཆབས་ཅིག དབྱི་ལིང་གི་མི་མེད་གནམ་གྲུའི་འཆར་འགོད་ཀྱི་འབྲེལ་ཡོད་མི་སྣར་ཡུལ་སྐོར་ཚོད་འཛིན་དང་རྒྱུ་ནོར་བཀག་འཇོག་བྱ་ཐབས་སྤེལ་ཡོད།

གསལ་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དེའི་ནང་དབྱི་ལིང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་ཨུ་རུ་སི་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་། དབུས་ཤར་ས་ཁུལ་དང་མཚོ་དམར་ས་ཁུལ་གྱི་རྒྱལ་ཁབ་མིན་པའི་དྲག་ཆས་ཚོགས་པར་དམག་དོན་རྒྱབ་སྐྱོར་བྱེད་པ་དང་། ཟླ4པར་མི་མེད་གནམ་གྲུ་དང་འཕུར་མདའ་སྤྱད་དེ་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པ་སོགས་ཚུད་ཡོད།

ཡོ་རོབ་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བའི་གཏན་འབེབས་བྱས་པར་དམིགས་ནས། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞེ་དབྱང་གིས་དེ་སྔོན་ཡོ་རོབ་མནའ་འབྲེལ་གྱིས་དབྱི་ལིང་ལ་ཁྲིམས་འགལ་གྱི་བཀག་སྡོམ་སྔར་ལས་མང་བ་བྱ་རྒྱུའི་གཏན་འབེབས་བྱས་པར་མི་རྣམས་བློ་ཕམ་དགོས་པ་ཞིག་རེད་ཅེས་བཤད་པ་དང་དབྱི་ལིང་གི་བྱ་སྤྱོད་དེ་རང་སྲུང་བྱེད་ཆེད་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།