དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་རྒྱུའི་གནད་དོན་སྐོར་གྱི་གྲོས་ཆོད་དང་ལེན་མ་བྱས། 
2024.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས15ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་འགའི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུའི་གནད་དོན་སྐོར་གྱི་གྲོས་ཆོད་དང་ལེན་བྱ་རྒྱུ་ཁས་མ་བླངས་པ་དང་། གྲོས་ཆོད་དེས་རྗེས་ཕྱོགས་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྲོས་མོལ་བྱེད་པའི་རྨང་གཞི་གྲུབ་མེད་ཟེར། 

དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ལྟར་ན། དབྱི་སི་རལ་སྲིད་གཞུང་གིས་ཉིན་དེར་མཐའ་གཅིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་དང་ལེན་མི་བྱེད་པའི་གཏན་འབེབས་བྱས། ནེ་ཐ་ཉི་ཡ་ཧུའུ་ཡིས་སྤྱི་བསྒྲགས་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ནང་རྩོད་གཞི་ཡོད་པའི་མངའ་ཁོངས་ཀྱི་གནས་བབ་ལ་འགྱུར་ལྡོག་གཏོང་མི་སྲིད་པ་དང་། དབྱི་སི་རལ་དང་དབྱི་སི་རལ་མངའ་ཁོངས་ཀྱི་ཡ་ཧུ་དཱ་པའི་མི་དམངས་ཀྱི་ཁེ་དབང་ལའང་འགྱུར་ལྡོག་གཏོང་མི་སྲིད། གྲོས་ཆོད་འདིས་རྗེས་ཕྱོགས་ཀྱི་ཕྱོགས་གཉིས་ཀྱི་གྲོས་མོལ་རྨང་གཞི་གྲུབ་མེད་ལ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་ཚད་ཀྱང་ཇེ་མགྱོགས་སུ་གཏོང་མི་སྲིད་ཟེར། 

ཟླ་འདིའི་ཚེས10ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་ཛ་དྲག་དམིགས་བསལ་ཚོགས་འདུའི་སྟེང་མོས་མཐུན་འདེམས་ཤོག143དང་། ངོ་རྒོལ་འདེམས་ཤོག9། དབང་ཆ་བསྐྱུར་བའི་འདེམས་ཤོག25བཅས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཕ་ལེ་སི་ཐན་རྒྱལ་ཁབ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ནང་གཏན་འབེབས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་དང་མཐུན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཏུ་དང་ལེན་བྱེད་རྒྱུའི་ངོས་འཛིན་བྱས་པ་རེད། གྲོས་ཆོད་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕན་ཡོད་ཀྱི་ཟུར་ཚད་ནས་ཕ་ལེ་སི་ཐན་ཚོགས་མིའི་རྒྱལ་ཁབ་ཀྱི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུའི་རེ་ཞུར་སླར་ཡང་གྲོས་ཞིབ་བྱ་རྒྱུའི་གྲོས་གཞི་བཏོན། 

ཕ་ལེ་སི་ཐན་ནི་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་རྒྱལ་ཁབ་ཅིག་ཡིན། 2011ལོའི་ཟླ9པར་ཕ་ལེ་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཏུ་འགྱུར་བའི་དངོས་གཞིའི་རེ་ཞུ་ཕུལ་ཡང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་མ་བྱུང་། ད་ལོའི་ཟླ4པའི་ཟླ་འགོར་ཕ་ལེ་སི་ཐན་གྱི་རེ་ཞུ་ལྟར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ15ཡིས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུའི་རེ་ཞུར་སླར་ཡང་གྲོས་ཞིབ་བྱས་པ་དང་། ཟླ4པའི་ཚེས18ཉིན་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་འདེམས་ཤོག་འཕངས། ཨ་མེ་རི་ཁས་ཁས་མི་ལེན་པའི་དབང་ཆ་སྤྱད་དེ་ངོ་རྒོལ་གྱི་འདེམས་ཤོག་འཕངས་པས་འཆར་ཟིན་ལ་གྲོས་འཆམ་མ་བྱུང་། 

ཤ་བོ་གསེར་མཚོས་བསྒྱུར།