དབྱི་སི་རལ་གྱི་ནོར་སྲིད་པུའུ་ཀྲང་གིས་ཐུར་ཁེ་བར་གྱི་རང་དབང་ཉོ་ཚོང་གྲོས་ཡིག་མེད་པར་བཟོ་རྒྱུ་ཡིན་པར་བཤད།
2024.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་སི་རལ་གྱི་ནོར་སྲིད་པུའུ་ཀྲང་སི་མོ་ཐི་ལིས་ཧི་ཡིས་ཚེས16ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཐུར་ཁེའི་བར་གྱི་རང་དབང་ཉོ་ཚོང་ཆོད་ཡིག་མེད་པར་བཟོ་རྒྱུ་ཡིན་པར་མ་ཟད། ཐུར་ཁེ་ནས་ནང་འདྲེན་བྱས་པའི་ཚོང་རྫས་ལ་བརྒྱ་ཆའི་བརྒྱའི་ཡན་གྱི་སྒོ་ཁྲལ་སྣོན་བསྡུ་བྱེད་རྒྱུ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ཆོད་ཡིག་དེ་ནི་ཐུར་ཁེ་ཡིས་དབྱི་སི་རལ་བར་གྱི་ཕྱིར་འདྲེན་ཉོ་ཚོང་བྱ་འགུལ་ཚང་མ་གནས་སྐབས་སུ་མཚམས་འཇོག་རྒྱུའི་གཏན་ཁེལ་ལ་ཕྱིར་རྒོལ་བྱེད་པའི་ཐབས་ཇུས་ཡིན་པ་དང་། དེ་རྒྱལ་སྲིད་ལས་ཁུངས་ལ་སྤྲད་དེ་ཆོག་མཆན་འགོད་དུ་འཇུག་རྒྱུ་རེད།

གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་གྱིས་རང་དབང་ཉོ་ཚོང་ཆོད་ཡིག་གཞི་བཟུང་ནས་ཐུར་ཁེ་ནས་དབྱི་སི་རལ་དུ་ནང་འདྲེན་བྱེད་པའི་ཚོང་རྫས་ཀྱི་སྒོ་ཁྲལ་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་ཡོད་ཚད་མེད་པར་བཟོ་རྒྱུ་ཡིན་པར་མ་ཟད། ད་ཡོད་ཀྱི་སྒོ་ཁྲལ་གྱི་ཚད་གྲངས་ལས་གཞན། ད་དུང་ཚོང་རྫས་དེ་དག་གི་རིན་ཐང་ལྟར་བརྒྱ་ཆའི་བརྒྱ་ཡི་དཔྱ་ཁྲལ་བསྡུ་རྒྱུ་རེད། ནོར་སྲིད་པུའུ་དང་དཔལ་འབྱོར་པུའུ། ཕྱི་འབྲེལ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཚབ་བྱེད་ཇུས་གཞི་འཚོལ་ཞིབ་བྱས་ནས། དབྱི་སི་རལ་གྱི་དཔལ་འབྱོར་ཐད་ནས་ཐུར་ཁེ་ལ་རྒྱབ་རྟེན་པའི་ཚད་ཇེ་དམའ་རུ་གཏོང་བ་དང་། ཚོང་རྫས་ནང་འདྲེན་གྱི་འགོ་ཁུངས་སྣ་མང་ཅན་དུ་འགྱུར་བར་བྱེད་རྒྱུ་རེད།

ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ཟླ་འདིའི་ཚེས3ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཅ་ཧྲ་ས་ཆ་རུ་དམག་དོན་འགུལ་སྐྱོད་སྤེལ་ནས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བའི་དབང་གིས། ཐུར་ཁེ་ཡིས་དབྱི་སི་རལ་བར་གྱི་ནང་འདྲེན་ཕྱིར་གཏོང་གི་ཉོ་ཚོང་གནས་སྐབས་སུ་མཚམས་འཇོག་རྒྱུའི་ཐག་བཅད། དབྱི་སི་རལ་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་བཤད་རྒྱུར། ཐུར་ཁེའི་ཐག་གཅོད་དེར་ཁ་གཏད་དེ་ཕྱིར་རྒོལ་བྱེད་ཐབས་མང་པོ་སྤྱོད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱིས་བྱེད་ཐབས་སྤྱད་ནས་ཐུར་ཁེ་དང་ཕ་ལེ་སི་ཐན་གྱི་ཅོར་ཏན་ཆུ་བོའི་ནུབ་འགྲམ་དང་ཅ་ཧྲ་ས་ཆའི་བར་གྱི་དཔལ་འབྱོར་འབྲེལ་འདྲིས་ཇེ་ཉུང་དུ་བཏང་སྟེ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱིས་ཐུར་ཁེ་ཉོ་ཚོང་ཆོད་ཡིག་དང་འགལ་བར་བཀག་སྡོམ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་བཅད། དབྱི་སི་རལ་གྱི་དཔལ་འབྱོར་པུའུ་ཀྲང་པ་ཨར་ཁ་ཐི་ཡིས་ཚེས3ཉིན་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ལ་ཐུར་ཁེའི་ཐག་གཅོད་ཐད་ནས་ཞུ་གཏུག་བྱས།

རིན་ཆེན་མཚོས་བསྒྱུར།