ཀྲུང་གོར་རྒྱུན་སྡོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་གཞོན་པ་ཀུན་ཧྲང་གིས་ཚེས16ཉིན་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་དབྱི་རིག་གི་བདག་དབང་དང་། སྒེར་ཚུགས། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་བཀུར་བྱེད་པའི་འབོད་སྐུལ་བཏང་བ་དང་། དབྱི་རག་སྲིད་གཞུང་དང་མཉམ་ལས་བྱས་པ་བརྒྱུད་དེ་དོ་ཁུར་བྱེད་པའི་གནད་དོན་ཐག་བཅད་ནས། ཕྱོགས་རྐྱང་འགུལ་སྐྱོད་སྤེལ་བ་དང་ཛ་དྲག་གནས་བབ་ཚབས་ཆེན་གཏོང་བར་གཡོལ་དགོས་ཟེར།
ཀུན་ཧྲང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་རག་གནད་དོན་སྤྱི་བསྒྲགས་གྲོས་ཚོགས་སྟེང་བསྟན་དོན། མིག་སྔར་དབྱི་རག་གི་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡིན་ཞིང་། སྲིད་གཞུང་གིས་སྲིད་དོན་ཧུར་ཐག་གིས་བསྐྱངས་པས་དཔལ་འབྱོར་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། སྤྱི་བའི་ཞབས་ཞུ་འཐུས་ཚང་དུ་བཏང་ལ། ལས་ཞུགས་གསར་སྐྲུན་དང་རུལ་སུངས་ལ་རྡུང་རྡེག་བཅས་བྱས་ནས་ཕན་འབྲས་མངོན་གསལ་བླངས་ཡོད་ཅིང་། ཀྲུང་གོའི་ཕྱོགས་ཀྱིས་དེར་བསྟོད་བསྔགས་བྱེད་བཞིན་ཡོད། དབྱི་རག་གི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། འདུམ་འགྲིག་འབྱུང་བ། འཕེལ་རྒྱས་འཆར་འགོད་བཅས་བྱས་པས་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་བསྟུན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁོ་ཨར་ཏི་ས་ཁུལ་སྲིད་གཞུང་གིས་ཐག་བཅད་མེད་པའི་གནད་དོན་ཐད་མུ་མཐུད་དུ་གྲོས་མོལ་བྱེད་པར་ཤུགས་སྣོན་པ་དང་རྒྱུན་མཐུད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཀུན་ཧྲང་གིས་བཤད་རྒྱུར། དབྱི་རག་དེ་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མདུན་གྲས་སུ་ཡོད་པས་བདེ་འཇགས་གནས་བབ་སྔར་བཞིན་འཇིགས་སྣང་གི་མདུན་དུ་ལྷགས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་ནུས་པའི་སྒྲིག་འཛུགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། འཇིགས་སྐུལ་གྱི་ལྷག་མའི་སྟོབས་ཤུགས་གཙང་སེལ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་དབྱི་རག་གིས་སི་རི་ཡའི་ཧོ་ཨར་སྒར་སའི་ནང་གི་དབྱི་རག་སྤྱི་དམངས་ཀྱི་ཕྱིར་སྐྱེལ་དང་བདེ་འགོད་བྱ་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བར་དགའ་བསུ་ཞུ་བཞིན་ཡོད་ལ། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་དབྱི་རག་གི་ཕྱིའི་རྒྱལ་ཁབ་ཀྱི་འཇིགས་སྐུལ་འཐབ་མོ་བ་དང་དེའི་ཁྱིམ་མི་དབྱེ་འབྱེད་དང་ཕྱིར་སྐྱེལ་བྱེད་པའི་འབོད་སྐུལ་བཏང་ཟེར།
ཀུན་ཧྲང་གིས་བསྟན་དོན། 2003ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོབ་ཚོགས་པ་བཙུགས་པའི་ཚུན། དབྱི་རག་བསྐྱར་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ད་བར་དབྱི་རག་གི་རྒྱལ་ནང་གནས་བབ་གཏན་འཇགས་དང་ལེགས་པོ་ཡིན་ལ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་ཞིང་། ཆེད་མངགས་ཚོགས་པས་དབང་ཆ་ཁུ་བསྡུ་དང་རིམ་བཞིན་ཕྱིར་འཐེན་བྱེད་པའི་དུས་སྐབས་སུ་སླེབས་ཡོད། དབྱི་རག་གི་ཙུང་ལིས་ཚེས8ཉིན་དྲུང་ཡིག་ཆེན་མོར་འཕྲིན་ཡིག་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོབ་ཚོགས་པས2025ལོའི་ཟླ2པར་དབང་ཆ་གནང་རྒྱུ་མཇུག་སྒྲིལ་བའི་བླང་བྱ་བཏོན་པར་མ་ཟད། དབང་ཆ་ཁུ་བསྡུ་བྱེད་པའི་ཞིབ་ཕྲའི་འཆར་གཞི་བཏོན་ཡོད་ཟེར།
ཀུན་ཧྲང་གིས་ནན་གྱིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་སྲིད་གཞུང་གིས་བཏོན་པའི་རེ་འདོད་རྨང་གཞིར་བྱས་ཤིང་། དྲུང་ཡིག་ཆེན་མོའི་དབང་ཆ་བསྐོ་འཇོག་གི་སྒེར་ཚུགས་ཀྱི་འཐབ་ཇུས་དཔྱད་འཇོག་ཚན་ཆུང་གིས་སྤྲད་པའི་སྙན་ཞུ་དེ་གཞི་འཛིན་ས་བྱེད་པ་དང་། ཟླ་འདིའི་ཟླ་མཇུག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོབ་ཚོགས་པའི་དབང་ཆ་གནང་རྒྱུ་འགོར་འགྱངས་བྱེད་པར་ཟུང་འབྲེལ་བྱེད་པ། ཆེད་མངགས་ཚོགས་པའི་གོམ་སྐབས་རྗེས་མའི་བྱ་བར་འཆར་གཞི་འདོན་པ་དང་བཀོད་སྒྲིག་བྱས་ཏེ། ཆེད་མངགས་ཚོགས་པ་རིམ་གྱིས་ཇེ་ཆུང་དང་བརྟན་པོའི་ངང་བར་བརྒལ་བྱེད་པ། མཇུག་མཐར་ཕྱིར་འཐེན་བཅས་བྱེད་པར་ཁག་ཐེག་བྱེད་དགོས། འདིའི་བརྒྱུད་རིམ་ཁྲོད། ཁུ་ཝེ་ཐེ་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་དང་རྒྱུ་ནོར་བོར་བརླག་གི་གནད་དོན་ཐད་མུ་མཐུད་དུ་དོ་ཁུར་བྱེད་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་དང་ཁུ་ཝེ་ཐེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ཟེར།
ལྷ་མོ་འཚོས་བསྒྱུར།