དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས17ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིན་གྲོང་ཁྱེར་གྱི་སྡོད་དམངས་ཁུལ་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
དབྱི་སི་རལ་གྱིས་ཉེ་ཆར་དམག་འཐབ་གནམ་གྲུ་བཏང་ནས་ཅོར་ཏན་གཙང་བོའི་ནུབ་འགྲམ་ལ་བར་སྣང་འཇབ་རྒོལ་བྱེད་ཐེངས་ཧ་ཅང་ཉུང་ལ། དབྱི་སི་རལ་གྱི་སྨྱན་བྱད་མང་པོས་ཐེངས་འདིའི་བར་སྣང་འཇབ་རྒོལ་ལ་མཐོང་དཀོན་པ་ཞེས་པའི་མིང་གིས་འགྲེལ་བཤད་བྱས། ཕ་ལི་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་གྱིས་ཕ་ལི་སི་ཐན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཞན་པ་ལྔར་རྨས་སྐྱོན་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཉིན་དེའི་དུས་ཚོད་སྔ་ཤོས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བྱང་ཕྱོགས་ལིས་པཱ་ནན་མཐའ་མཚམས་ས་ཁུལ་དང་ཐག་ཉེ་བས་ལིས་པཱ་ནན་གྱི་མེ་ཤུགས་འཕུལ་མདེལ་བདུན་ཅུ་ལྷག་གི་འཇབ་རྒོལ་ཐེབས་ནས་མི་གཉིས་ལ་རྨས་སྐྱོན་ཕོག་པ་དང་། དེའི་ཁྲོད་ཀྱི་མེ་ཤུགས་འཕུལ་མདེལ་བཅུ་ལྷག་འགོག་གཅོད་བྱས་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ལས་བསྒྲགས་པ་ལྟར་ན། མེ་ཤུགས་འཕུར་མདེལ་གྱིས་འཇབ་རྒོལ་བྱས་པ་དེས་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་ལ་མེ་སྐྱོན་ཆེན་པོ་བསླངས་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐུ་ཡིས་ཉིན་དེར་ལིས་པཱ་ནན་གྱི་མཐའ་མཚམས་ས་ཁུལ་ནས་བདེ་འཇགས་དཔྱད་འཇོག་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱིས་འབྱུང་སྲིད་པའི་གནས་ཚུལ་དང་གདམ་གར་གྲ་སྒྲིག་ལེགས་པོ་བྱེད་རྒྱུ་ཡིན་ཟེར།
གཞན་ལིས་པཱ་ནན་གྱི་གནས་ཚུལ་ཤེས་པའི་མི་སྣས་ཚེས17ཉིན་བསྟན་དོན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ལིས་པཱ་ནན་གྱི་ཞིས་པུའེ་ཁཱ་ས་ཁུལ་དུ་འཕུར་མདེལ་གཉིས་འཕངས་པ་དང་། དེའི་ཁྲོད་ཀྱི་འཕུར་མདེལ་གཅིག་རླངས་འཁོར་ཞིག་ལ་ཕོག་ནས་མི་གཅིག་རྐྱེན་ལམ་དུ་ཤོར་ཞིང་། མི་གཉིས་ལ་རྨས་སྐྱོན་ཕོག་པ་དང་། རྐྱེན་ལམ་དུ་ཤོར་བ་དེ་ནི་ཕ་ལི་སི་ཐན་གྱི་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ་གྱི་ལིས་པཱ་ནན་གྱི་བཀོད་འདོམས་དཔོན་པོ་ཞིག་རེད་ཟེར། ཧྭ་མཱ་སིའི་ཁོངས་གཏོགས་ཀྱི་དྲག་ཤུགས་ཕྱོགས་ཁག་གི་ཁཱ་སང་ལོས་ཀྱིས་དེའི་རྗེས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བཀོད་འདོམས་དཔོན་པོ་ཧྲ་ཧྭ་པུའེ་ལིས་སེ་ཡའེ་ཏུ་དེ་དབྱི་སི་རལ་གྱི་འཇབ་རྒོལ་ཁྲོད་ཤི་རྨས་བྱུང་བར་བདེན་དཔང་བྱས་ཡོད་ཟེར།
ན་ནིང་གི་ཟླ10པར་ཕ་ལི་སི་ཐན་དང་དབྱི་སི་རལ་བར་སྐོར་ཐེངས་གསར་བའི་འགལ་བ་བྱུང་རྗེས། ལིས་པཱ་ནན་ཀྲིན་ཀྲུའུ་ཏང་གིས་ཧྭ་མཱ་སིར་རྒྱབ་སྐྱོར་བྱས་ཤིང་། དེའི་དྲག་ཤུགས་མི་སྣས་ཐེངས་མང་པོར་དབྱི་སི་རལ་གྱི་རྒྱལ་མཚམས་ནང་ཁུལ་དུ་མེ་ཤུགས་འཕུར་མདེལ་དང་སྒྱོགས་མདེལ་འཕངས་པ་དང་། དབྱི་སི་རལ་གྱིས་ཕྱིར་བར་སྣང་འཇབ་རྒོལ་དང་མེ་སྒྱོགས་འཕངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་ལས་དོན་མཐུན་སྦྱོར་ཐིན་གྱི་གཞི་གྲངས་ལྟར་ན། སྐོར་ཐེངས་འདིའི་ཕ་ལི་སི་ཐན་དང་ལིས་པཱ་ནན་བར་གྱི་འགལ་བས་ལིས་པཱ་ནན་གྱི་སྡོད་དམངས་ཁྲི་བརྒྱད་དང་སྟོང་གཉིས་ཀྱི་སྡོད་གནས་ཤོར་དུ་བཅུག་པ་རེད། དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། འགལ་བས་དེས་བྱང་ཕྱོགས་མཐའ་མཚམས་ཁུལ་གྱི་སྡོད་དམངས་ཁྲི་བརྒྱད་ཁྱིམ་གཞིས་དང་ཁ་བྲལ་ནས་བྲོས་སོང་ཟེར།
ལྷ་མོ་འཚོས་བསྒྱུར།