ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སློབ་གསོ་མཉམ་ལས་བགྲོ་གླེང་ཚོགས་འདུ་ཚེས17ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏི་སི་ཨ་པེ་པ་རུ་བསྡུས། ཨ་ཧྥེ་རི་ཁ་མཐའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས། ཀྲུང་གོའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཚོགས་པ། ཨེ་ཙེ་ཨོ་ཕི་ཡའི་སློབ་གསོ་པུའུ་སོགས་སྡེ་ཁག་ནས་ཡོང་བའི་འཐུས་ཚབ་མི་སྣ་བགྲོ་གླེང་ཚོགས་འདུར་ཞུགས་ནས། སློབ་གསོ་དང་འཕེལ་རྒྱས་དང་སློབ་གསོ་དང་བདེ་འཇགས། ལས་རིགས་སློབ་གསོ་སོགས་ཀྱི་བརྗོད་གཞིར་དམིགས་ནས་བགྲོ་གླེང་བྱས།
ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སློབ་གསོ་དང་ཚན་རྩལ། གསར་གཏོད་ཨུ་ཡོན་པེ་ལི་ཧོའུ་སའེ་དབྱིན་གྱིས་བཤད་རྒྱུར། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི2063ལོའི་གྲོས་རིམ་གྱི་རེ་ལྗོངས་ནི་དར་རྒྱས་ཀྱི་ཨ་ཧྥེ་རི་ཁ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ལ། དེའི་ཁྲོད་སློབ་གསོ་ནི་ཡར་ཐོན་གྱི་རྨང་རྡོ་དང་། རྒྱུན་བསྲིང་འཕེལ་རྒྱས་དང་དབུལ་ཕོངས་མེད་པར་བྱེད་པའི་སྒུལ་ཤུགས་ཡིན། སློབ་གསོ་དང་ཞི་བདེ། བདེ་འཇགས་ནི་ཕན་ཚུན་འབྲེལ་མཐུད་བྱས་ཡོད་པས། སློབ་གསོའི་འཕེལ་རྒྱས་ལ་དོ་སྣང་བྱེད་པར་མ་ཟད་ཞི་བདེ་དང་བདེ་འཇགས་ཀྱི་རྒྱུ་རྐྱེན་གཙོ་བོ་སློབ་གསོའི་མ་ལག་ཁྲོད་བཞག་པ་བརྒྱུད་དེ། ཨ་ཧྥེ་རི་ཁ་ཞི་བདེ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་ཐུབ་ཟེར།
ཀྲུང་གོའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཧུའུ་ཁྲང་ཁྲུན་གྱིས་ཤིས་ཚིག་ཕུལ་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནི་འཛམ་གླིང་སྟེང་གཞོན་དར་མི་གྲངས་ཆེས་མང་པའི་སྐམ་ས་ཡིན་པ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས2024ལོ་སློབ་གསོའི་ལོ་རུ་གཏན་ཁེལ་བྱས་པ་དེས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སློབ་གསོའི་བཅོས་བསྒྱུར་བརྒྱུད་དེ་དཔལ་འབྱོར་སྤྱི་ཚོགས་ཚུལ་བསྒྱུར་བྱེད་པ་དང་དམངས་ཚིས་ལེགས་བསྒྱུར་བྱེད་པ། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི2063ལོའི་གྲོས་རིམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་པར་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་ཟེར།
ཧུའུ་ཁྲང་ཁྲུན་གྱིས་བསྟན་དོན། སློབ་གསོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གྲུབ་ཆ་གཙོ་བོ་ཡིན། ལོ་བཅུ་ཕྲག་གི་རིང་ལ། ཀྲུང་གོས་ཨ་ཧྥེ་རི་ཁའི་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ཨ་ཧྥེ་རི་ཁའི་གནས་ཚུལ་དངོས་གཞིར་བཟུང་ནས་ཨ་ཧྥེ་རི་ཁར་ཉེ་བར་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རོགས་བྱས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སློབ་གསོ་མཉམ་ལས་ཐད་ནས་རིམ་པ་བཞིན་རིམ་ངོས་མང་པ་དང་ཁྱབ་ཁོངས་མང་བ། རྣམ་པ་མང་བའི་མ་དཔེ་གྲུབ་པར་བྱས་ཟེར།
རིན་ཆེན་མཚོས་བསྒྱུར།