དབྱི་སི་རལ་དམག་དཔུང་གིས་ཅ་ཧྲའི་བྱང་རྒྱུད་ཀྱི་ཡུལ་གྱར་བའི་སྒར་སར་འབར་མདེལ་འཕངས་པ་ལས་མ་མཐར་ཡང་མི15རྐྱེན་ལམ་དུ་ཤོར།
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེའི་ཡུལ་གྱར་བའི་སྒར་སར་འབར་མདེལ་འཕངས་པ་ལས་མིག་སྔར་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་མི30ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ས་གནས་དེ་གའི་འགྲོ་སའི་ཁྱིམ་མེད་པའི་མི་སྣ་བཀོད་སྒྲིག་བྱ་ཡུལ་ཞིག་ལ་འབར་མདེལ་འཕངས་པར་མ་ཟད། ཁྱིམ་གཞིས་སུ་ཕྱིར་ལོག་བྱེད་རྩིས་ཡོད་པའི་ཡུལ་གྱར་བར་འཇབ་རྒོལ་བྱས་པ་དང་། རྨས་མ་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཁ་མའེ་ལི·ཨ་ཏི་ཝན་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།
ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཉིན་མང་པོར་བསྟུད་མར་ཅེ་པ་ལི་ཡེའི་ཡུལ་གྱར་བའི་སྒར་སར་དམག་དོན་བྱ་སྤྱོད་སྤེལ་ནས་ཉུང་མཐར་ཡང་མི93རྐྱེན་ལམ་དུ་ཤོར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས18ཉིན་གྱི་སྔ་དྲོར་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དམག་དཔུང་གིས་ཅེ་པ་ལི་ཡེ་དང་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ས་ཁུལ། ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་ཤར་རྒྱུད་བཅས་སུ་དམག་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་དང་། འདས་ཟིན་པའི་ཉིན་གཅིག་ལ་ཕ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས70ལྷག་ཙམ་གྱི་དམིགས་འབེན་ལ་ཕོག་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།