དབྱི་སི་རལ་དམག་དཔུང་གིས་ལཱ་ཧྥའི་ཤར་རྒྱུད་དུ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་དང་སུམ་ཅུ་ལྷག་བསད་ཡོད་ཟེར།
2024.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5པའི་ཚེས18ཉིན། དབྱི་སི་རལ་རྒྱལ་སྲུང་དམག་གིས་དམག་འཁྲུག་གནས་ཚུལ་གྱི་བརྡ་ཁྱབ་ཁྱབ་སྒྲོག་བྱས་ཏེ། དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་ཅཱ་ཧྲའི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་ཤར་རྒྱུད་དུ། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་དང་སུམ་ཅུ་ལྷག་བསད་པར་མ་ཟད། ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་ས་འོག་རྨང་གཞིའི་སྒྲིག་ཆས་དང་དེ་བཞིན་མཚོན་ཆ་འབོར་ཆེན་ཤེས་རྟོགས་བྱུང་ཡོད་ཟེར།

བརྡ་ཁྱབ་ནང་། ཉེ་བའི་གཟའ་འཁོར་འགའི་ནང་དུ། དབྱི་སི་རལ་དམག་དཔུང་གི་ཅིས་ཝ་ཐི་རྐང་དམག་དཔུང་སྡེ་དང་ཁྲབ་ལྡན་དམག་དཔུང401གིས་ཐོག་མཐའ་བར་གསུམ་དུ། ལཱ་ཧྥའི་ཤར་རྒྱུད་ཀྱི་དམིགས་བསལ་ས་ཁུལ་དུ། ཕ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་དང་དེའི་རྨང་གཞིའི་སྒྲིག་ཆས་ལ་དམ་པོར་དམིགས་ཏེ། “གནད་ལ་འཁེལ་བའི་ངང་རྡུང་རྡེག”བཏང་ནས་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་དང་སུམ་ཅུ་ལྷག་བསད་པར་མ་ཟད། མཚོན་ཆ་འབོར་ཆེན་འཕྲོག་ཡོད། དབྱི་སི་རལ་དམག་དཔུང་གིས་དམག་དོན་བྱ་སྤྱོད་སྤེལ་སྐབས། ས་འོག་གི་སྦུག་ལམ་ཁ་ཤས་གསར་རྙེད་བྱུང་ཡོད་ཅིང་། མིག་སྔར་ས་འོག་གི་སྦུག་ལམ་དེ་དག་བཤིག་བཞིན་ཡོད། དབྱི་སི་རལ་དམག་དཔུང་གིས་ད་དུང་མཚོན་ཆ་ཐོན་སྐྱེད་སྒྲིག་ཆས་དང་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱེད་ས་འབོར་ཆེན་མེད་པར་བཟོས་ཡོད་ཟེར།

ལཱ་ཧྥ་དང་ཨེ་ཅིབ་ཉེ་བར་འབྲེལ་ཡོད་ཅིང་། རྒྱལ་སྤྱིའི་མི་ཆོས་རོགས་སྐྱོར་དངོས་ཟོག་ཅཱ་ཧྲ་ས་ཁུལ་དུ་དབོར་སའི་བགྲོད་ལམ་གཙོ་བོ་ཞིག་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཕ་ལེ་སི་ཐན་གྱི་མི་སེར་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལཱ་ཧྥ་རུ་ཉེན་གཡོལ་བྱེད་ཀྱིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་ཟི་ཡིས་ཟླ་འདིའི་ཚེས14ཉིན་མགྲིན་ཚབ་པ་བརྒྱུད་ནས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ལཱ་ཧྥ་གྲོང་ཁྱེར་ལ་དམིགས་པའི་དམག་དོན་བྱ་སྤྱོད་རིམ་སྤོར་བྱས་པར་ཧང་སངས་པའི་རྣམ་འགྱུར་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།