ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་རུ་སུས་འདྲ་མཉམ་གྱི་ཆ་རྐྱེན་འོག་ཏུ་ནུབ་ཕྱོགས་རྒྱལ་ཁབ་བར་གླེང་མོལ་བྱེད་འདོད་ཡོད་ཟེར།
2024.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ5པའི་ཚེས18ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ། ཨུ་རུ་སུས་འདྲ་མཉམ་གྱི་ཆ་རྐྱེན་འོག་ཏུ་ནུབ་ཕྱོགས་རྒྱལ་ཁབ་བར་བདེ་འཇགས་དང་འཐབ་ཇུས་བརྟན་བརླིང་གི་གནད་དོན་ཐད་ནས་གླེང་མོལ་བྱེད་འདོད་ཡོད་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སུའི་རིག་མཛོད་ཕྱི་འབྲེལ་དང་རྒྱལ་སྲུང་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པར་ཞུགས་སྐབས། ཨུ་རུ་སུས་བདེ་འཇགས་དང་འཐབ་ཇུས་བརྟན་བརླིང་གི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་བར་གླེང་མོལ་བྱེད་འདོད་ཡོད་ནའང་། རང་རློམ་རང་སྟོབས་དང་གཞན་ཕྱོགས་ཟུར་དུ་ཕུད་པའི་གནས་སྟངས་ལ་གཞིགས་ནས་གླེང་མོལ་བྱེད་མི་རུང་བར། ངེས་པར་འདྲ་མཉམ་དང་ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་ཡོད་པའི་སྒོ་ནས་གླེང་མོལ་བྱེད་དགོས་ཟེར། ཁོས་ཨུ་རུ་སུ་དང་ནུབ་ཕྱོགས་བར་དམག་དོན་དང་ཆབ་སྲིད་ཀྱི་འགྲན་རྒོལ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད།  ཨ་མེ་རི་ཁ་གཙོས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཁྱབ་སྒྲོག་བྱས་པའི། “ཨུ་རུ་སུར་འཐབ་ཇུས་ཀྱི་སྟེང་ནས་ཕམ་ཉེས་འབྱུང་དུ་འཇུག་པའི་དམིགས་འབེན་དོར་མེད་ཅིང་། དེའི་ནང་དམག་དོན་གྱི་ཕམ་ཉེས་ཀྱང་ཚུད་ཡོད”ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས“བསམ་པའི་འཆར་སྒོའི་ནང་གི་ཨུ་རུ་སུའི་འཇིགས་སྐུལ”སྤྱད་དེ་དམག་ཤུགས་འགྲན་བསྡུར་སྔར་ལས་ཛ་དྲག་ཅན་དུ་གཏོང་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རྒྱང་འཕེན་མཚོན་ཆ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ་དེ་ནི། “ཕན་ཚུན་བར་གྱི་གླེང་མོལ་ལ་རྣམ་འགྱུར་ཡག་པོ་བཟུང་མེད་པའི་མངོན་སྟངས་ཤིག་རེད”ཟེར།  ཁོས་ཨུ་རུ་སུས་རང་ངོས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་རྦད་ཆོད་བྱ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།