ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་གྱིས་ཝང་དབྱི་ལ་ཐུག་འཕྲད་བྱས།
2024.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཚེས18ཉིན་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་གྱིས་ཏུའུ་ཧྲང་པེ་རུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་ཐུག་འཕྲད་བྱས།

ཝང་དབྱི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལ་ཧི་མིན་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་བྱས་པ་དང་།   ཝང་དབྱི་ཡིས་ན་ནིང་ཟླ5པར་སྐུ་ཞབས་ཙུང་ཐུང་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པ་དང་།  ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མི་རབས་ནས་མི་རབས་བར་མཛའ་མཐུན་གྲོགས་པོའི་འབྲེལ་བ་དང་སྐྱིད་སྡུག་མཉམ་མྱོང་།  གཉིས་ཕན་གཉིས་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཏེ།  ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་འཐབ་ཀྱི་དམིགས་འབེན་གསལ་བོར་བཏོན་ནས།  རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་མུ་མཐུད་དུ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་།  ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐ་ཅི་ཁི་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན།  རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ནི་ནམ་ཡང་ཐ་ཅི་ཁི་སི་ཐན་གྱིས་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་དང་ཟླ་གྲོགས་བཟང་པོ་ཡིན་ཞེས་བཤད།

ལ་ཧི་མིན་གྱིས་ཝང་དབྱི་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས།  ལ་ཧི་མིན་གྱིས་ཀྲུང་གོ་དང་འབྲེལ་བ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་ཡིན།    ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་ཐའེ་ཝན་ནི་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ནས་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ།  གཏེར་ཁ།  འགྲིམ་འགྲུལ།  ཞིང་ལས།  ལྗང་མདོག་བཟོ་ལས།  མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་“སྟོབས་ཤུགས་གསུམ་”ལ་མཉམ་དུ་རྡུང་རྡེག་གཏོང་བ་དང་།   ཐ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ་ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཕྱོགས་མང་ལས་སྟེགས་སྟེང་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་ཡིས་ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་གིས་བཏོན་པའི་ནུས་རྒྱུ་དང་འགྲིམ་འགྲུལ། ཞིང་ལས། བཟོ་ལས་ཅན་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ཆེན་པོ་བཞི་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ནས།    ཐ་ཅི་ཁི་སི་ཐན་ཕྱོགས་ཀྱི་མཉམ་ལས་དགོས་མཁོར་མཐོང་ཆེན་དང་གསར་དར་ཐོན་ལས་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གཞོལ་ནས།  ཐ་ཅི་ཁི་སི་ཐན་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་པ་དང་།  ཐ་ཅི་ཁི་སི་ཐན་ཕྱོགས་དང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཐའ་གཅིག་ཏུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་འདོད་ཡོད་ཅེས་བསྟན།

འཚམས་འདྲི་བྱེད་པའི་རིང་ལ་ཝང་དབྱི་ཡིས་ད་དུང་ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧི་ལི་ཏེན་དང་གྲོས་མོལ་བྱེད་རྒྱུ་རེད།

                                                                                                       གཡང་འབུམ་རྒྱལ་གྱིས་བསྒྱུར།