ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་དབྱི་ལིང་གིས་སར་ལྷུང་བའི་གྱེན་འཕུར་གནམ་གྲུའི་རྒུད་སྐྱོབ་ཐད་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས19ཉིན་གྱི་དགོང་མོར་བསྟན་དོན། ཐུར་ཁེ་ཡིས་དབྱི་ལིང་གིས་རྒྱལ་ཁབ་རང་གི་ཙུང་ཐུང་ལའེ་ཞེ་བསྡད་ཡོད་པའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་སྔོག་བཤེར་ཐད་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེའི་དགོང་མོར་དྲ་ཚིགས་བརྒྱུད་དེ། ཐུར་ཁེ་ཡིས་དབྱི་ལིང་ནས་གྱེན་འཕུར་གནམ་གྲུའི་དོན་རྐྱེན་དེ་འདྲ་བྱུང་བར་སྐྱོ་ངལ་ཆེན་པོ་འབྱུང་གིན་ཡོད་པ་དང་། དབྱི་ལིང་བར་འབྲེལ་གཏུག་དང་མཐུན་སྦྱོར་གང་ལེགས་བྱེད་པའི་ཞོར་དུ། ཐུར་ཁེ་ཕྱོས་ཀྱིས་དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་དབྱི་ལིང་གིས་དོན་རྐྱེན་བྱུང་བའི་གྱེན་འཕུར་གནམ་གྲུའི་སྔོག་བཤེར་ཐད་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། དགོས་ངེས་ཀྱི་རོགས་སྐྱོར་སྟོབས་ཤུགས་གཅིག་བསྡུས་བྱེད་རྒྱུ་ཡིན་ཟེར།

དབྱི་ལིང་ཕྱོགས་ཀྱིས་རེ་བ་བཏོན་པ་ལྟར། ཐུར་ཁེའི་དམག་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་མི་བསྡད་མེད་པའི་གནམ་གྲུ་དང་མཚན་མཐོང་སྒྲིག་ཆས་ཡོད་པའི་སྔོག་བཤེར་གྱེན་འཕུར་གནམ་གྲུ་ཞིག་མངག་གཏོང་བྱས་པ་དང་། ཐུར་ཁེའི་གནོད་འཚེ་འཕྲལ་སྒྲུབ་དོ་དམ་ཁང་གིས་དབྱི་ལིང་ནུབ་བྱང་ཕྱོགས་ཀྱི་ཨ་སེ་པེད་ཅང་ཤར་མ་ཞིང་ཆེན་དུ་རི་ཁུལ་གྱི་སྔོག་བཤེར་རུ་མི་སོ་གཉིས་དང་རྒུད་སྐྱོབ་རླངས་འཁོར་དྲུག་མངག་ནས་དབྱི་ལིང་ཕྱོགས་ཀྱི་རྒུད་སྐྱོབ་བྱ་བར་རོགས་རམ་བྱས། དབྱི་ལིང་གི་ཨ་སེ་པེད་ཅང་ཤར་མ་ཞིང་ཆེན་དེ་ཐུར་ཁེའི་ཤར་ཕྱོགས་ཀྱི་ཧྥན་ཞིང་ཆེན་དང་འདབས་འབྲེལ་དུ་གནས་ཡོད།

དབྱི་ལིང་སྨྱན་བྱད་ཀྱིས་ཚེས19ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་དང་མཐོ་རིམ་དཔོན་པོ་སྡོད་པའི་གྱེན་འཕུར་གནམ་གྲུ་ཞིག་ལ་ཉིན་དེར་དོན་རྐྱེན་བྱུང་སྟེ། ཨ་སེ་པེད་ཅང་ཤར་མ་ཞིང་ཆེན་དུ་བྲེལ་མྱུར་ངང་སར་བབས་པ་དང་། མིག་སྔར་གནམ་གྲུའི་སྟེང་གི་མི་སྣའི་གནས་ཚུལ་གསལ་བོར་ཤེས་མེད་པ་དང་། རྒུད་སྐྱོབ་བྱ་བ་ཤུགས་ཆེན་པོས་སྤེལ་བཞིན་ཡོད། ནམ་ཟླ་མི་ལེགས་པ་དང་ས་བབ་རྙོག་འཛིང་ཆེ་བས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།