ཁོང་གོ་ཅིན་དམག་ཕྱོགས་ཀྱིས་སྲིད་འགྱུར་དམིགས་འབེན་མ་འགྲུབ་པའི་འགོ་བ་བསད་ཟེར།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཁོང་གོ་ཅིན་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཨེ་ཁིན་ཀི་ཡིས་ཚེས19ཉིན་གྱི་དགོང་མོར་རྒྱལ་ཁབ་བརྙན་འཕྲིན་ཁང་ལ་བཤད་རྒྱུར། དམག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་ཅིན་ཧྲ་ས་ནས་སྲིད་འགྱུར་ཐེངས་ཤིག་ཕམ་ཉེས་སུ་བཏང་། སྲིད་འགྱུར་གྱི་འགོ་བའམ་ཁུང་གོ་ཅིན་གྱི་སྔོན་གྱི་སྲིད་ཚོང་པ་མཱ་ལན་ཅ་སོགས་མི་བཞི་བསད་པ་དང་དྲག་ཆས་མི་སྣ་བཞི་བཅུ་འཛིན་བཟུང་བྱས་ལ། དེའི་ཁྲོད་ཨ་མེ་རི་ཁའི་མི་འགའ་ཡོད།

ཨེ་ཁིན་ཀི་ཡིས་བཤད་རྒྱུར། མཱ་ལན་ཅ་ཡིས་ཚེས19ཉིན་གྱི་ནམ་གུང་དྲག་ཆས་མི་སྣ་ལྔ་བཅུ་ལྷག་ཁྲིད་ནས་སྲིད་འགྱུར་གྱི་གཡུལ་བཤམས་པ་རེད། ཁོ་ཚོའི་མ་གཞིའི་འཆར་གཞི་ནི་བསྟུན་འགན་ཁུར་བའི་ཙུང་ལི་ཐུའུ་ལུའུ་ཁཱ་དང་ཙུང་ལི་གཞོན་པའི་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁན་པིན་པཱ་གཉིས་ཀྱི་སྡོད་ཁང་དུ་འཇབ་རྒོལ་བྱེད་རྒྱུ་དེ་རེད། ཡིན་ཡང་མི་དེ་གཉིས་ཀྱི་སྡོད་གནས་གཏན་ཁེལ་བྱེད་མ་ཐུབ་པས་ཙུང་་ལི་གཞོན་པ་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གྱི་འདེམ་སྒུག་པ་ཁཱ་མེ་ལོའེ་ཡི་སྡོད་གནས་ལ་ཕར་རྒོལ་བྱས་པ་རེད། དེའི་རྗེས་སུ་དྲག་ཆས་མི་སྣས་མི་རིགས་ཕོ་བྲང་ཙུང་ཐུང་གཞུང་སྒྲུབ་ཁང་གི་མཐའ་འཁོར་གྱི་ས་ཁོངས་སུ་ཕར་རྒོལ་བྱས།

ཨེ་ཁིན་ཀི་ཡིས་བཤད་རྒྱུར། དམག་ཕྱོགས་ཀྱིས་དྲག་ཆས་མི་སྣ40ལྷག་འཛིན་བཟུང་བྱས་པ་དང་དེའི་ཁྲོད་ཨ་མེ་རི་ཁའི་མི་འགའ་དང་དབྱིན་ཇིའི་མི་གཅིག་ཡོད་ལ། མིག་སྔར་གནས་བབ་ཕྱིར་བརྟན་འཇགས་སུ་གྱུར་ཡོད།

ས་གནས་སྨྱད་སྦྱོར་གྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས19ཉིན་གྱི་ནམ་སྟོད་ཀྱི་ཆུ་ཚོད་བཞི་པ་ཡས་མས་སུ་དྲག་ཆས་མི་སྣ་འགས་ཁཱ་མེ་ལོའེ་ཡི་སྡོད་གནས་སུ་འཇབ་རྒོལ་བྱས། དྲག་ཆས་མི་སྣ་དང་ཁཱ་མེ་ལོའེ་ཡི་སྒེར་གྱི་སྐུ་སྲུང་པའི་བར་འགལ་རྩོད་བྱུང་བ་དང་། ཉུང་མཐར་ཡང་མི་གསུམ་བསད། 

མི་ཕམ་མགོན་པོས་བསྒྱུར།