ཉིན་འགའི་རིང་ལ་གྲོས་མོལ་བྱས་པ་བརྒྱུད། ནེ་ཀྲིར་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་འཐུས་མིས་ཚེས19ཉིན་ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེ་ནས་མཉམ་འབྲེལ་སྤྱི་སྒྲོག་ཁྱབ་བསྒྲགས་བྱས་ཏེ། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་བཅའ་སྡོད་དམག་དཔུང་དེ་ཆེས་འགོར་ཡང་ད་ལོའི་ཟླ9ཚེས15ཉིན་ནེ་ཀྲིར་གྱི་མངའ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུར་ཡིད་འཐད་བྱུང་ཡོད།
མཉམ་འབྲེལ་སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་སྐབས་ཀྱི་བདེ་སྲུང་བྱ་བ་སྣ་ཚོགས་ལ་འགན་སྲུང་བྱ་རྒྱུ་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱི་མི་སྣ་མངའ་ཁོངས་ནས་འགྲོ་འོང་བྱེད་པར་སྟབས་བདེ་ཡིན་པའི་ལས་རིམ་གཏན་འབེབས་བྱས་ཡོད།
མཉམ་འབྲེལ་སྤྱི་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་ནེ་ཀྲིར་ནས་ཕྱིར་འཐེན་བྱས་པ་ལས་ཨ་མེ་རི་ཁ་དང་ནེ་ཀྲིར་གྱི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱི་ཕྱོགས་གྲོས་མོལ་སྤེལ་ནས། ཐུན་མོང་སྤྲོ་བ་ཡོད་པའི་ཁྱབ་ཁོངས་སུ་མུ་མཐུད་དུ་མཉམ་ལས་བྱེད་པར་འབད་འབུངས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོངས་པ་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་ནེ་ཀྲིར་དུ་སྡོད་པའི་བཅའ་སྡོད་དམག་དཔུང་དེ2013ལོར་བཀོད་སྒྲིག་བྱས་པ་དང་། ནེ་ཀྲིར་རྒྱལ་ཁབ་ཏུ་དམག་དོན་རྟེན་གཞི་གཉིས་སུ་དམག་མི་སྟོང་ལྷག་བཀོད་སྒྲིག་བྱས་ཡོད། ནེ་ཀྲིར་གྱི་བར་བརྒལ་སྲིད་གཞུང་གིས་ད་ལོའི་ཟླ3པར་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་བར་གྱི་དམག་དོན་མཉམ་ལས་གྲོས་མཐུན་མཚམས་འཇོག་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་གྲོས་མཐུན་དེ་ནི་ཨ་མེ་རི་ཁས་བཙན་པོ་གཉའ་འཇོག་བྱས་པས་ཡིན་པ་ཁྱབ་བསྒྲགས་བྱས། ཟླ4ཚེས26ཉིན། ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་པུའུ་ལིང་གིས་ཨ་མེ་རི་ཁས་ནེ་ཀྲིར་ནས་བཅའ་སྡོད་དམག་དཔུང་མང་ཆེ་བ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།