པུར་ཀ་རི་ཡཱའི་ཙུང་ཐུང་གིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་རྒྱུའི་ཚུལ་བསྟན།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

པུར་ཀ་རི་ཡཱི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཚེས20ཉིན་བསྟན་དོན། པུར་ཀ་རི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།

ལཱ་ཏི་ཧྥུའུ་ཡིས་ཉིན་དེར་རྒྱལ་ས་སོ་ཧྥེ་ཡཱ་ནས་པུར་ཀ་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏའེ་ཆིན་ལེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས་པ་དང་། ལཱ་ཏི་ཧྥུའུ་ཡིས་བསྟན་དོན། པུར་ཀ་རི་ཡཱ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་བ་གོ་སྐབས་སུ་བྱས་ཏེ། འགྲོ་འོང་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། པུར་ཀ་རི་ཡཱ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏའེ་ཆིན་ལེ་ཡིས་བསྟན་དོན། ཀྲུང་གོ་དང་པུར་ཀ་རི་ཡཱའི་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡཱ་ཕྱོགས་བར་གྱི་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། མུ་མཐུད་དུ་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་པུར་ཀ་རི་ཡཱ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྐྱོན་བྲལ་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏའེ་ཆིན་ལེ་ཟླ5ཚེས16ཉིན་པུར་ཀ་རི་ཡཱ་རུ་འབྱོར་ནས་ལས་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།