དབྱི་ལིང་གིས་ཟླ6པའིཚེས28ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་སྲིད་གཞུང་དང་གྲོས་ཁང་། ཁྲིམས་འཛིན་འགོ་ཁྲིད་མི་སྣ་བཅས་ཀྱིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། སྐབས་བཅུ་བཞི་པའི་དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཟླ6པའི་ཚེས28ཉིན་སྤེལ་རྒྱུ་གཏན་འཁེལ་བྱས།

གསལ་བསྒྲགས་ནང་བཤད་རྒྱུར།  མིག་སྔར་དབྱི་ལིང་ཙུང་ཐུང་གི་ཚབ་འགན་འཁུར་བའི་ཙུང་ཐུང་གཞོན་པ་དང་པོ་མའོ་ཧི་པུས་ཨར་དང་། གྲོས་ཁང་གི་གྲོས་དཔོན་ཁཱ་ལིས་པཱ་ཧྥུའུ། ཁྲིམས་འཛིན་སྤྱི་ཁྱབ་ལྟ་སྐུལ་བ་ཨའེ་ཅེ་དབྱིན། ཁྲིམས་ལུགས་ལས་དོན་གྱི་འགན་འཁུར་བ་ཙུང་ཐུང་གཞོན་པ་མུའུ་ཧན་མའོ་ཏི་ཏཱ་ཧི་ཀན། རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་དང་ནང་སྲིད་པུའུ་ཡི་འཐུས་མིས་ཚེས20ཉིན་ཏི་ཧོས་རན་ནས་གྲོས་ཚོགས་བསྡུས་ཏེ། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ6པའི་ཚེས28ཉིན་སྤེལ་རྒྱུ་གཏན་འཁེལ་བྱས། འདེམ་བསྐོའི་དུས་ཚོད་རེའུ་མིག་ལ་གཞིགས་ནས། ཟླ5པའི་ཚེས30ཉིན་ནས་ཟླ6པའི་ཚེས3ཉིན་བར་འོས་མིའི་མིང་ཐོ་འགོད་རྒྱུ་ཡིན་པ་དང་། ཟླ6པའི་ཚེས12ཉིན་ནས་ཚེས27ཉིན་བར་འདེམ་ཐོན་འགྲན་རྩོད་བྱ་འགུལ་སྤེལ་རྒྱུ་རེད།

ཉིན་དེའི་དུས་ཚོད་སྔ་ཤོས་སུ། དབྱི་ལིང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཏམ་བཤད་པ་མུའུ་ཧི་སིན་དབྱིན་སི་ལཱ་མིའི་ཡིས་བཤད་རྒྱུར། ནང་སྲིད་པུའུ་ཡིས་ཟླ6པའི་ཚེས28ཉིན་དེ་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བའི་ཉིན་མོར་གཏན་འཁེལ་བྱ་རྒྱུའི་གྲོས་གཞི་བཏོན་ཡོད། འདེམ་བསྐོའི་ཉིན་རིམ་དེ་དབྱི་ལིང་རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་བཀོད་རྗེས་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།

དབྱི་ལིང་རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་སོ་གཅིག་པ་ལྟར་ན། གལ་ཏེ་ཙུང་ཐུང་འགན་བཞེས་དུས་ཡུན་ནང་རྐྱེན་ལམ་དུ་ཤོར་ཚེ། དབྱི་ལིང་གི་ཆེས་མཐོའི་འགོ་ཁྲིད་པས་གཏན་འབེབས་བྱས་པ་ལྟར་དུ་ཙུང་ཐུང་གཞོན་པ་དང་པོས་ཙུང་ཐུང་གི་ཚབ་འགན་འཁུར་དགོས། ཙུང་ཐུང་གཞོན་པ་དང་པོ་དང་། གྲོས་ཁང་གི་གྲོས་དཔོན། ཁྲིམས་འཛིན་སྤྱི་ཁྱབ་ལྟ་སྐུལ་བ་བཅས་ཀྱིས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཉིན་ལྔ་བཅུའི་ནང་ཙུང་ཐུང་གསར་བ་འདེམ་བསྐོའི་བྱ་འགུལ་བཀོད་སྒྲིག་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།