རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་སོགས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་བསྡད་ཡོད་པའི་གྱེན་འཕུར་གནམ་གྲུ་ཚེས19ཉིན་ནུབ་བྱང་ཕྱོགས་ཀྱི་ཨ་སེད་པེད་ཅང་ཤར་མ་ཞིང་ཆེན་དུ་སར་ལྷུང་ནས། ལའེ་ཞེ་དང་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་སོགས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། ཚེས20ཉིན། རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་སྲིད་གཞུང་། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱིས་ལའེ་ཞེ་སོགས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་དབྱི་ལིང་མི་དམངས་ལ་སེམས་གསོ་དང་རྒྱབ་སྐྱོར་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ལའེ་ཞེ་དང་དབྱི་ལིང་གི་དཔོན་རིགས་གཞན་པ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས། ཕུའུ་ཅིན་གྱིས་བཤད་རྒྱུར། ལའེ་ཞེ་ཡིས་ཨུ་རུ་སི་དང་དབྱི་ལིང་གི་མཛའ་མཐུན་ཁྱིམ་མཚེས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་ཡོད་ཟེར། ཕུའུ་ཅིན་གྱིས་འདས་པོའི་གཉེན་ཉེ་དང་གྲོགས་པོར་ལྷག་བསམ་རྣམ་དག་གིས་ཁམས་འདྲི་དང་རྒྱབ་སྐྱོར་བྱས་པ་དང་། ཁོ་ཚོ་དང་དབྱི་ལིང་མི་དམངས་དག་གིས་མདུན་དུ་ལྷགས་པའི་སྐྱོབ་ཐབས་མེད་པའི་གྱོང་གུད་ཆེན་པོ་དེར་ཁ་གཏད་འཇལ་ཐུབ་པའི་ཚུལ་བསྟན།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ཀྲ་ཨར་ཏཱ་ལི་ཡིས་ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་། དེ་མིན་དོན་རྐྱེན་དེའི་ཁྲོད་ཀྱི་འདས་པོ་གཞན་པ་བཅས་ལ་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མིར་སེམས་གཏིང་ནས་ཁམས་འདྲི་བྱས་པར་མ་ཟད། ལའེ་ཞེ་ཡིས་དབྱི་སི་ལན་རྒྱལ་ཁབ་དག་ལ་བསྒྲུབ་པའི་བྱས་རྗེས་ལ་གུས་སེམས་བསྟན། ཀྲ་ཨར་ཏཱ་ལི་ཡིས་བཤད་རྒྱུར། ལའེ་ཞེ་འཇིག་རྟེན་དང་འབྲལ་བ་ནི་དབྱི་ལིང་དང་དབྱི་སི་ལན་རྒྱལ་ཁབ་དག་གི་གྱོང་གུད་ཆེན་པོ་ཞིག་ཡིན་ཟེར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཕཱ་ཁི་སི་ཐན་རྒྱལ་ཡོངས་ཀྱིས་ལའེ་ཞེ་ལ་མྱ་ངན་ཞུ་རྒྱུ་མ་ཟད་དར་ཆ་ཕྱེད་ཙམ་མར་ཕབ་རྒྱུ་ཡིན་ཟེར།

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་སོགས་རྐྱེན་ལམ་དུ་ཤོར་བའི་ཐད་ནས་ཧཱ་མེ་ནེ་དབྱེ་དང་དབྱི་ལིང་སྲིད་གཞུང་། མི་དམངས་བཅས་ལ་སེམས་གཏིང་ནས་འཚམས་འདྲི་བྱས། པཱ་ཧྲ་ཨར་གྱིས་ལའེ་ཞེ་ཡིས་ཚེ་སྔོན་སི་རི་ཡཱ་དང་དབྱི་ལིང་གི་འཐབ་ཇུས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་བྱ་བ་མང་བོ་བསྒྲུབས་པར་གཟེངས་བསྟོད་བྱས།

དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཧཱ་མེ་ནེ་དབྱེ་དང་དབྱི་ལིང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པར་མ་ཟད། དཀའ་ཁག་གི་དུས་སྐབས་དེར་དབྱི་རག་བློ་བརྟན་འགྱུར་མེད་ཀྱིས་དབྱི་ལིང་མི་དམངས་ཀྱི་ཕྱོགས་ནས་ལངས་སྲིད་པའི་ཚུལ་བསྟན། དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཀྱང་གསལ་སྒྲོག་སྤེལ་ཏེ། ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་སོགས་རྐྱེན་ལམ་དུ་ཤོར་བར་ཡིད་སྐྱོ་བའི་མྱ་ངན་ཞུས།

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་སོགས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། དབྱི་ལིང་གི་མགོ་ཁྲིད་པ་དང་སྲིད་གཞུང་། མི་དམངས་བཅས་ལ་འཚམས་འདྲི་བྱས། ཁོས་བསྟན་དོན། དཀའ་ཁག་གི་དུས་སྐབས་འདིར་ཅོར་ཏན་གྱིས་དབྱི་ལིང་མི་དམངས་དང་མཐུན་སྒྲིལ་མཉམ་གནས་བྱེད་ངེས་ཡིན་ཟེར།

ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་དང་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་གཉིས་ཀྱིས་སོ་སོར་དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་ལའེ་ཞེ་དང་དབྱི་ལིང་གི་དཔོན་རིགས་མང་བོར་མྱ་ངན་ཞུས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱིས་ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་འགྲོ་རོགས་གཞན་པ་སོགས་རྐྱེན་ལམ་དུ་ཤོར་བར་ཡིད་སྐྱོ་བའི་མྱ་ངན་ཞུས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞེ་ཡིས་འདས་པོའི་ཁྱིམ་མི་དང་དབྱི་ལིང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། ཁོས་ད་རུང་བཤད་རྒྱུར། སྐྱོ་ངལ་གྱི་དུས་སྐབས་དེར་ཨེ་ཅིབ་ཀྱིས་དབྱི་ལིང་གི་མགོ་ཁྲིད་པ་དང་མི་དམངས་ལ་མཐུན་སྒྲིལ་མཉམ་གནས་བྱེད་ངེས་ཡིན་ཟེར།

ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་དབྱི་ལིང་ཕྱོགས་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ལའེ་ཞེ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཐོས་དུས་ང་ལ་སྐྱོ་གདུང་ཆེན་པོ་བྱུང་སོང་། ངའི་གྲོགས་པོ་དང་སྤུན་ཟླ་ཞིག་ཤོར་བ་རེད། ཨར་ཅི་རི་ཡཱ་དང་དབྱི་ལིང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཐུན་སྒྲིལ་དང་མཉམ་ལས། སྤུན་ཟླ་ལྟ་བུའི་བརྩེ་བ། དྲང་བདེན་ལས་དོན་གྱི་རྒྱབ་སྐྱོར་བཅས་ཀྱིས་ང་ཚོ་མཉམ་གཅིག་ཏུ་དམ་པོར་སྦྲེལ་ཡོད་ལ། ཨར་ཅི་རི་ཡཱའི་མི་དམངས་དང་དབྱི་ལིང་མི་དམངས་མཉམ་དུ་གནས་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཙུང་ཐུང་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་སོགས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས། ལཱ་མཱ་ཧྥུའུ་སཱ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་མི་དམངས་ཀྱིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་དང་དབྱི་ལིང་སྲིད་གཞུང་། དབྱི་ལིང་མི་དམངས་བཅས་ལ་སེམས་གཏིང་ནས་འཚམས་འདྲི་བྱེད་བཞིན་ཡོད། ཡིད་སྐྱོ་བའི་དོན་རྐྱེན་དེ་ལས་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་ཟབ་མོ་ལྡན་པའི་རྒྱལ་ཁབ་ཀྱི་ཕུལ་བྱུང་མགོ་ཁྲིད་པ་ཞིག་གི་ཚེ་སྲོག་འཕྲོག་སོང་། ང་ཚོའི་སེམས་འདས་པོའི་ཁྱིམ་མི་དང་དབྱི་ལིང་སྲིད་གཞུང་དང་མཉམ་དུ་གནས་ཡོད་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་གཉིས་ཀྱིས་ཀྱང་གསལ་སྒྲོག་སྤེལ་ཏེ། ལའེ་ཞེ་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་། དེ་མིན་འགྲོ་རོགས་གཞན་པ་བཅས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།