ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས21ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་པེད་ཐི་ལཱ་ཞེ་ཡེ་དང་ཅཱ་ཧྲ་མཁར་སོགས་ས་ཁུལ་དུ་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་བུད་མེད་དང་བྱིས་པ་འདུས་པའི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་དང་ལཱ་ཧྥའི་ས་ཁུལ་མང་བོར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར།
ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་བདུན་བསད་པ་དང་། གཞན་ཡང་མི་དགུར་རྨས་ཕོག་ཡོད་ལ། དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར། ཕཱ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅེ་ཉིང་ཡུལ་གྱར་བའི་སྒར་སར་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་ཡོད་ལ། ཡུལ་དངོས་ནས་མེ་མདའི་སྒྲ་བར་མེད་དུ་གྲགས་པ་ཐོས་ཐུབ། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་དུ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བ་དང་། འགུལ་སྐྱོད་སྤེལ་སྐབས་དྲག་ཆས་མི་སྣ་མང་བོར་མེ་མདའ་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།