མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ཕྱུགས་རའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
2024.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

འཇར་མན་གྱི་པའོ་ཨིན་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཚེས་ཉེར་གཅིག་ཉིན་འཛམ་གླིང་ཡོངས་ཀྱི་ས་ཞིང་གི་རྒྱང་བལྟས་ཏེ་ཕྱུགས་ར་དང་འབྲོག་དམངས་ཀྱི་ཆེད་དོན་སྙན་ཞུ་སྤེལ་ནས། འཛམ་གླིང་ཡོངས་ཀྱི་ཕྱུགས་རའི་ཞན་འགྱུར་གནད་དོན་ཚབས་ཆེན་བའི་ཚུལ་བསྟན་པ་དང་། ཕྱུགས་རའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

སྙན་ཞུ་ལས་བཤད་རྒྱུར། ཕྱུགས་རས་འཛམ་གླིང་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་བཞི་ཟིན་ཡོད་ཀྱང་། བརྒྱ་ཆའི་ལྔ་བཅུའི་ཕྱུགས་ར་ཞན་འགྱུར་བྱུང་སྟེ། མིའི་རིགས་ཀྱི་དྲུག་ཆའི་གཅིག་གི་ཁ་ཟས་མཁོ་འདོན་ལ་ཉེན་ཁ་བཟོ་བཞིན་ཡོད། སྐྱེ་ཁམས་མ་ལག་དེ་རིགས་ལ་ས་ཞིང་ཞན་འགྱུར་དང་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འཇིགས་ཉེན་ཐེབས་ཡོད་ཀྱང་། དགོས་ངེས་ཀྱི་མཐོང་ཆེན་ཐོབ་ཐུབ་མེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཏིས་ཨོ་ཡིས་བཤད་རྒྱུར། མི་རྣམས་ཀྱིས་ནགས་ཚལ་ལ་གཏོར་བརླག་ཐེབས་པ་དང་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་གི་སྡོང་བོ་གཅོད་པའི་གནས་ཚུལ་མཐོང་དུས། བསམ་ཚོར་ལ་འགྱུར་ལྡོག་འབྱུང་སྲིད་ཀྱང་ཕྱུགས་རའི་འགྱུར་ལྡོག་དང་ཐ་ན་ལོ་ངོ་བརྒྱ་ཕྲག་ལྷག་གི་ཕྱུགས་ར་དེར་འགྱུར་ལྡོག་བྱུང་དུས་གྲགས་འགུལ་མེད་པར་གནས་སྲིད་ལ། དེར་ཚང་མས་ངོ་རྒོལ་བྱེད་པའི་སྣང་ཚུལ་འབྱུང་བ་ཉུང་། ཕྱུགས་ར་དང་དེ་འཚོ་རྟེན་དུ་བྱེད་པའི་འབྲོག་དམངས་ལ་མཐོང་ཆེན་བྱེད་ཀྱིན་མེད་ཟེར།

སྙན་ཞུ་ལས་བཤད་རྒྱུར། ཕྱུགས་རའི་སྲུང་སྐྱོབ་དེ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་མང་བོ་ནས་དམ་འཛིན་བྱེད་དགོས་ཏེ། བྱེ་བྲག་གི་གྲོས་གཞིར་ནམ་ཟླའི་འགྱུར་ལྡོག་དང་འབྲེལ་བ་ཡོད་པའི་བབ་བསྟུན་བྱེད་ཐབས་ལེགས་སྒྲིག་བྱེད་པ་དང་རྒྱུན་མཐུད་ཀྱི་ཕྱུགས་རའི་དོ་དམ་ཇུས་གཞི་སོགས་འདུས། དེ་ལྟར་བྱས་ན་ཐཱན་གསོག་འཇོག་ནུས་པ་དང་། ཕྱུགས་ར་དང་འབྲོག་དམངས་སྡེ་ཁུལ་གྱི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། མི་ཚང་མ་ཟབ་ཞུགས་བྱེད་པ་དང་ཀུན་མཐུན་གྱི་དོ་དམ་དང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ཕྱུགས་ར་དང་འབྲོག་དམངས་ཀྱིས་སྤྱི་ཚོགས་ལ་འདོན་སྤྲོད་བྱས་པའི་ཞབས་ཞུ་ཇེ་མང་དུ་བཏང་ཆོག་ཟེར།

སྙན་ཞུའི་རྩོམ་པ་པོ་གཙོ་བོ་ཁཱ་ཨར་བོ་ཡིས་བཤད་རྒྱུར། ཁེ་ཕན་ལ་འབྲེལ་བ་ཡོད་མཁན་ཚང་མ་ཟབ་ཞུགས་བྱེད་པ་ནི་ཕྱུགས་རའི་བཅོས་སྐྱོང་གི་གནད་འགག་ཡིན་ལ། དེ་ལྟར་བྱས་ན་ཐུན་མོང་འབད་བརྩོན་ལ་ཡར་སྐུལ་བྱེད་པ་དང་སྲོལ་རྒྱུན་ཤེས་བྱ་དང་ལག་ལེན་རྩལ་ནུས་ཀྱི་མཉམ་འདྲེས་ལ་སྐུལ་འདེད་་གཏོང་ཐུབ་ཟེར།

འཛམ་གླིང་ཡོངས་ཀྱི་ཁོར་ཡུག་ཐེབས་རྩ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་པོ་ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། མི་རྣམས་ཀྱིས་ཕྱུགས་རའི་རིན་ཐང་ཇེ་ཆེར་གཏོང་བའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་དེར་སྲུང་སྐྱོབ་གང་ལེགས་བྱེད་དགོས་ལ། དོ་དམ་མཁན་གྱིས་ཕྱུགས་རའི་དོ་དམ་བྱེད་ཐབས་མི་འདྲའི་ཕན་ནུས་ལ་རྒྱུས་ལོན་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཕྱུགས་རའི་གལ་ཆེན་རང་བཞིན་མངོན་པར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།