ཟླ5པའི་ཚེས20ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་ཡིས་ཁྲག་སྦགས་བཙོག་གི་སྐྱུག་བྲོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་འབྲས་ཁྱབ་སྒྲོག་བྱས་རྗེས། རྒྱལ་ཁབ་དེ་གའི་སྲིད་གཞུང་སྐབས་རིམ་བྱུང་གི“ཕམ་ཉེས”ལ་དགོངས་དག་ཞུས་ཏེ་བཤད་རྒྱུར། ཉིན་དེ་ནི་དབྱིན་ཇིའི་རྒྱལ་ཁབ་ལ་མཚོན་ནས་བཤད་ན་ངོ་ཚ་ཆེན་པོ་ཉོས་པའི་ཉིན་མོ་ཞིག་ཡིན་པར་མ་ཟད། རིན་དོད་ཅི་འདྲ་ཆེ་རུང་གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་འཇལ་རྒྱུའི་ཁས་ལེན་བྱས།
སུའུ་ནཱ་ཁི་ཡིས་ཉིན་དེར་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ནང་གསུང་བཤད་གནང་སྐབས། “ངས་སྐབས་འདིའི་སྲིད་གཞུང་དང་དུས་རབས20པའི་ལོ་རབས70པ་ནས་བཟུང་སྐབས་རེ་རེའི་སྲིད་གཞུང་གི་ཚབ་བྱས་ནས་དགོངས་དག་ཞུས་པ་ཡིན”ལ། “ངས་འཇིགས་སུ་རུང་བ་དང་དྲང་གཞག་དྲང་བདེན་མིན་པའི་སྦྱོར་ངན་འདིའི་རིགས་ལ་བློ་གཅིག་སེམས་གཅིག་དང་ཁ་གསལ་གཏིང་གསལ་གྱི་སྒོ་ནས་དགོངས་དག་ཞུས་པ་ཡིན”ཟེར།
དབྱིན་ཇིའི་ཁྲག་སྦགས་བཙོག་གི་སྐྱུག་བྲོ་བའི་གནས་ཚུལ་དེ་དུས་རབས་གོང་མའི་ལོ་རབས70པ་ནས་ལོ་རབས90པའི་དུས་འགོར་གཏུགས་ཆོག སྐབས་དེར་དབྱིན་ཇིས་ཁྲག་ཞལ་འདེབས་འབུལ་བའི་ཐད་ནས་རང་མཁོ་རང་འདང་བྱེད་དཀའ་བར་བརྟེན། ཨ་མེ་རི་ཁའི་རོགས་རམ་ལ་བརྟེན་ནས་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱིན་ཡོད་ནའང་། ནང་འདྲེན་བྱས་པའི་ཁྲག་ཁག་གཅིག་ནི་བཙོན་མ་དང་དུད་ནག་འཐེན་མཁན་སོགས་ཉེན་ཁ་ཆེ་བའི་ཞལ་འདེབས་འབུལ་མཁན་ནས་བྱུང་བ་ཡིན་པའི་དབང་གིས། ཁྲག་སྐོར་ཅིག་ལ་ཨེ་ཙི་ནད་ཀྱི་ནད་དུག་དང་མཆིན་ཚད་ག་པའི་ནད་དུག་གི་སྦགས་བཙོག་འགོས་ཡོད།
གོང་གསལ་བརྟག་དཔྱད་ལས་དོན་གཙོ་གཉེར་བྱེད་མཁན་པུའུ་ལའེ་ཨེན·ལན་སི་ཐ་ཧྥུའུ་ཡིས་ཚེས20ཉིན། ཤོག་ངོས2500ཙམ་ཡོད་པའི་བརྟག་དཔྱད་སྙན་ཞུ་ཡོངས་བསྒྲགས་བྱས་ནས། དབྱིན་ཇིའི“སྲིད་གཞུང་སྐབས་རིམ་བྱུང་དང་རྒྱལ་དམངས་སྨན་བཅོས་ཞབས་ཞུའི་མ་ལག ཁྲག་གི་ཞབས་ཞུའི་སྒྲིག་གཞི”བཅས་ཕམ་ཉེས་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།