ལྔ5པའི་ཚེས21ཉིན་གྱི་དགོང་མོ། དབྱི་སི་རལ་གྱི་འཕྲིན་གཏོང་པུའུ་ཀྲང་ཁ་ཨར་ཞི་ཡིས་གསལ་བསྒྲགས་སྤེལ་ནས། པུའུ་དེས་ཉིན་དེར་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་ཐད་གཏོང་སྒྲིག་ཆས་གཞུང་བཞེས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ཕྱིར་འཐེན་བྱ་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། སྒྲིག་ཆས་ཕྱིར་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་ལ་སྤྲོད་རྒྱུའི་བཀའ་བཏང་།
ཚེས21ཉིན། དབྱི་སི་རལ་འཕྲིན་གཏོང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས། “རང་དམག་གི་བྱེད་སྒོའི་རྗེས་འདེད་གཏོང་བསམ་ནས”ཐད་གཏོང་བྱས་པར་མ་ཟད། བརྙན་ལམ་གྱི་དཔྱད་གཞི་ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ལ་བརྒྱུད་བསྐུར་བྱས་པ་དེ་ནི། དབྱི་སི་རལ་གྱི་སྨྱན་བྱད་བཅའ་ཁྲིམས་དང་རྦད་དེ་འགལ་ཡོད་པའི་དབང་གིས། ཉིན་དེར་པུའུ་དེས་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་བརྙན་ལེན་སྒྲིག་ཆས་གཞུང་བཞེས་བཏང་ཡོད་ཅེས་འཁོད་ཡོད། འཕྲིན་གཏོང་པུའུ་ཡིས་མུ་མཐུད་དགོས་ངེས་ཀྱི་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསར་འགྱུར་རླུང་འཕྲིན་ལ་ཚོད་འཛིན་བྱ་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་འཕྲིན་གཏོང་པུའུ་ཡི་དཔོན་རིགས་ཀྱིས་ཉིན་དེར་ལྷོ་རྒྱུད་གྲོང་ཁྱེར་སི་ཏའེ་ལའོ་ཐི་རུ། ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་བརྙན་ལེན་སྒྲིག་ཆས་གཞུང་བཞེས་བཏང་བ་རེད། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ནི་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་དང་གསར་འགྱུར་སྒྲིག་གཞི་གཞན་དག་གིས་དུས་ཐོག་ཏུ་བརྙན་ལམ་ནས་ཐད་གཏོང་བྱེད་མཁན་གྱི་གྲས་ཤིག་ཡིན། ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྲིད་གཞུང་གིས་སྨྱན་བྱད་བཅའ་ཁྲིམས་གང་བྱུང་དུ་སྤྱོད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བར་མ་ཟད། སྒྲིག་ཆས་ཕྱིར་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།
ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་ཐད་དོ་ཁུར་བྱེད་ཀྱིན་ཡོད་ཅིང་། དབྱི་སི་རལ་སྲིད་གཞུང་དང་འབྲེལ་གཏུག་བྱེད་བཞིན་ཡོད་པར་མ་ཟད། དབྱི་སི་རལ་ཕྱོགས་ལ་གནས་བབ་དེར་འགྱུར་ལྡོག་གཏོང་དགོས་པའི་བླང་བྱ་ཡང་བཏོན་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།