ཨུ་རུ་སི་ཡིས་དུས་རིམ་དང་པོའི་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་ནུས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
2024.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་ཡིས་དུས་རིམ་དང་པོའི་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་ནུས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་ནུས་པའི་མཚོན་ཆ་བེད་སྤྱོད་བྱེད་པར་གྲ་སྒྲིག་བྱེད་པའི་ཐད་ནས་དངོས་སུ་སྦྱོང་བརྡར་བྱས།

བསྒྲགས་པ་ལྟར་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་དཔོན་གྱི་མཛུབ་སྟོན་ལྟར། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་བཀོད་འདོམ་འོག་དུས་རིམ་དང་པོའི་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་ནུས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་འཕུར་མདའི་དམག་དཔུང་གིས་དབྱེ་སི་ཁན་ཏི་ཨར་འཐབ་རྩལ་འཕུར་མདའི་མ་ལག་གི་ཆེད་སྤྱོད་མདེལ་རྫས་དང་འཕུར་མདའི་སྒྲིག་སྦྱོར་ཇི་ལྟར་བྱེད་པར་སྦྱོང་བརྡར་བྱས་པ་དང་། གསང་བའི་སྒོ་ནས་གཏོང་འཕེན་ས་ཁུལ་དུ་བསྐྱལ་ནས་གཏོང་འཕེན་བྱེད་པར་གྲ་སྒྲིག་བྱས། དེ་ལས་གཞན་ཨུ་རུ་སིའི་མཁའ་དམག་མཁའ་འགྲུལ་དམག་དཔུང་གིས་བློ་གྲི་རྟགས་ཅན་གྱི་སྒྲ་བརྒལ་འཕུར་མདའ་འདུས་པའི་ མཁའ་འགྲུལ་དམག་དཔུང་གི་སྒྲིག་ཆས་ལ་དམིགས་བསལ་མདེལ་མགོ་སྒྲིག་སྦྱོར་བྱེད་པར་སྦྱོང་བརྡར་བྱེད་བཞིན་ཡོད་པར་མ་ཟད། ངེས་གཏན་གྱི་སྐོར་ཞིབ་ས་ཁོངས་སུ་འཕུར་སྐྱོད་བྱས་པ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་སྦྱོང་བརྡར་ནི་ནུབ་ཕྱོགས་དཔོན་རིགས་ཀྱི་དཀྲུག་འཕེན་རང་བཞིན་གྱི་གཏམ་བཤད་དང་འཇིགས་སྐུལ་ལ་རྒོལ་ལན་སྤྲོད་པ་ཡིན་ལ། དམིགས་ཡུལ་ནི་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་ནུས་པའི་སྟོབས་ཤུགས་ཀྱི་འཐབ་འཛིང་ལས་འགན་ལག་བསྟར་བྱེད་པའི་གྲ་སྒྲིག་རྣམ་པར་ཞིབ་བཤེར་བྱས་ནས། ཨུ་རུ་སིའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།