“རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ”ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས22ཉིན་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་རྒྱ་ཁྱབ་ངང་ཞུགས་རྒྱུའི་འབོད་སྐུལ་བཏང་།
ད་ལོའི“རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོའི”བརྗོད་བྱ་གཙོ་བོ་ནི“སྐྱེ་དངོས་སྣ་མང་རང་བཞིན་ནང་ང་ཚོ་ཚང་མ་ཞུགས་དགོས”ཞེས་པ་དེ་ཡིན། ཀུའུ་ཐི་ལེ་སི་ཡིས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། རྙོག་འཛིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དྲ་རྒྱས་སའི་གོ་ལའི་སྟེང་གི་ཚེ་སྲོག་ཚང་མ་དམ་པོར་འབྲེལ་ཡོད་མོད། འོན་ཀྱང་དྲ་རྒྱ་དེ་ལ་མིའི་རིགས་ཀྱི་བྱེད་སྒོ་སྤེལ་བ་ལས“ཧ་ལས་པའི་མྱུར་ཚད་ཐོག་ནས་ཁ་འཐོར་དུ་འགྲོ་བཞིན་ཡོད་པ་རེད།” སྐྱེ་དངོས་སྣ་མང་རང་བཞིན་ཚབས་ཆེས་ཆེན་པོའི་སྒོ་ནས་ཉམས་ཞན་དུ་ཕྱིན་པ་དེས་ད་ལྟའི་རྒྱུན་མཐུད་འཕེལ་རྒྱས་ལ་གཏོར་བརླག་ཐེབས་པ་མ་ཟད། ད་དུང་མ་འོངས་པར་ཉེན་ཁ་དང་ངེས་གཏན་མེད་པའི་སྣང་ཚུལ་ཡང་འབྱུང་སྲིད།
ཀུའུ་ཐི་ལེ་སི་ཡིས“ཁུང་མེན་དང་མིན་ཐི་ལིས་ཨར་གྱི་འཛམ་གླིང་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིར”བསྔགས་བརྗོད་བྱས་པ་དང་། སྒྲོམ་གཞི་དེས་སྐྱེ་དངོས་སྣ་མང་རང་བཞིན་ཉམས་ཞན་དུ་གྱུར་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱེད་པར་ཐབས་ལམ་གལ་ཆེན་མཁོ་འདོན་བྱས་པ་དང་ཆབས་ཅིག་ལས་ཞུགས་གོ་སྐབས་སྐྲུན་པ་དང་། མཉེན་ཤུགས་ཆེ་རུ་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱས་པར་ངོས་འཛིན་བྱས་ཡོད་པ་རེད།
ཀུའུ་ཐི་ལེ་སི་ཡིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་རྒྱ་ཁྱབ་ངང་ཞུགས་དགོས་པ་ནན་བཤད་བྱས་ཤིང་། ཁོང་གིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་།“ང་ཚོ་ཚང་མས་ནུས་པ་འདོན་དགོས”ཟེར། ཁོས་སྤྱི་ཚོགས་ལས་རིགས་སོ་སོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་མཐོང་ཆེན་དང་། སྲུང་སྐྱོབ། སླར་གསོ་བཅས་བྱེད་དགོས་པ་མ་ཟད། མི་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་།
སའི་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་ཆེད། 1992ལོར་པཱ་ཞིའི་ལིས་ཡུའེ་རི་ནེ་ལུའུ་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན་སྟེང་། རྒྱལ་ཁབ153གྱིས《སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》སྟེང་མིང་རྟགས་བཀོད་པ་དང་། 1994ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་ཞིང་། ལོ་རེའི་ཟླ12པའི་ཚེས29ཉིན་དེ་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོར་གཏན་འཁེལ་བྱས་ཡོད། 2001ལོའི་ཟླ5པར། སྐབས55པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གྲོས་ཆོད་ཨང201ལ་གྲོས་འཆམ་བྱུང་སྟེ། “རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ”དེ་ཟླ5པའི་ཚེས22ཉིན་ལ་བསྒྱུར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།