དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཟླ7ཚེས4ཉིན་འདེམ་བསྐོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ5ཚེས22ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་ཡིས་དབྱིས་ཇིས་ཟླ7ཚེས4ཉིན་འདེམ་བསྐོ་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སུའུ་ནཱ་ཁིས་ཉིན་དེར་ལོན་ཏོན་ཐང་ཉིང་སྲང་ལམ་ཨང་རྟགས་བཅུ་པའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མདུན་དུ་གཏམ་བཤད་སྤེལ་ཏེ། ཁོས་ཉིན་དེའི་སྔ་དྲོར་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་གྲོས་མོལ་བྱས་ནས། གྲོས་ཁང་གཏོར་རྒྱུའི་རེ་ཞུ་བྱས་པས། རྒྱལ་པོས་རེ་ཞུ་དེར་ཆོག་མཆན་བཀོད་ཡོད་ཅེས་བཤད།

སུའུ་ནཱ་ཁི་ཡིས་གཏམ་བཤད་སྤེལ་སྐབས་ལས་འགན་ཁུར་བའི་ཚུན་དུ་དཔལ་འབྱོར་དང་། གནས་སྤོར་སྡོད་དམངས། སློབ་གསོ་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ང་རྒྱལ་དུ་རློམ་ཡོད་ལ། སྲིད་འཛིན་ཏང་རྙིང་ཞེན་ཏང་གིས་མ་འོངས་པར་འཆར་འགོད་གསལ་བོ་བྱས་ཡོད་པའི་ཚུལ་བསྟན།

2010ལོར་རྙིང་ཞེན་ཏང་གི་དབུ་འཛིན་ཁཱ་མའེ་ལུང་གིས་ཏང་དེའི་སྣེ་ཁྲིད་ནས་འདེམ་བསྐོར་རྒྱལ་ཁ་བླངས་པའི་ཚུན་ལ། རྙིང་ཞེན་ཏང་ནམ་ཡང་དབྱིན་ཇིའི་སྲིད་འཛིན་ཏང་ཡིན། དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པ་ལས། 2022ལོའི་ཟླ10པར་སུའུ་ནཱ་ཁིས་སྲིད་བཟུང་པའི་ཚུན་ལ། ངོ་རྒོལ་ཏང་བཟོ་པའི་ཏང་གིས་རྙིང་ཞེན་ཏང་དང་གྲངས་གནས་གཉིས་ཀྱིས་མཐོ་བའི་དགེ་མཚན་སྲུང་འཛིན་བྱས་ཡོད། དབྱིན་ཇིའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་ཁུངས་དཔྱད་གླེང་རྟོག་ཞིབ་ཀུང་ཟིའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ཀྱི་མཇུག་འབྲས་གསར་པ་ལྟར་ན། ཟླ་འདིའི་ཚེས16ཉིན་བར། རྙིང་ཞེན་ཏང་གི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་ཉི་ཤུ་ཙམ་དང་། བཟོ་པའི་ཏང་གི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་ཞེ་བདུན་རེད། བཟོ་པའི་ཏང་སོགས་ཏང་ཁག་གི་རྒྱུན་ཆད་མེད་པའི་གནོན་ཤུགས་ལ་རྐྱེན་བྱས་ནས་སུའུ་ནཱ་ཁི་ཡིས་མྱུར་དུ་འདེམ་བསྐོ་བྱེད་པར་སྐུལ་མ་བཏང་བ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།