དབྱི་སི་རལ་གྱིས་ཨིར་ལན་དང་ནོ་ཝེ་རུ་སྡོད་པའི་གཞུང་ཚབ་པ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས22ཉིན། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཚི་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨིར་ལན་དང་ནོར་ཝེ་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པར་གཞིགས་ནས། ཁོས་དབྱི་སི་རལ་གྱི་ཨིར་ལན་དང་ནོར་ཝེ་རུ་སྡོད་པའི་གཞུང་ཚབ་པ་མྱུར་དུ་ཕྱིར་འཐེན་བྱེད་རྒྱུའི་བཀའ་ཕབ་ཡོད་ཟེར།

ཁཱ་ཚི་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་བཤད་རྒྱུར། ཨིར་ལན་དང་ནོར་ཝེ་ཡི་ཐག་གཅོད་དེ་ནི་ན་ནིང་གི་ཟླ་བཅུ་པའི་ནང་དབྱི་སི་རལ་ལ་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་ཐེབས་པར་འདྲ་མཉམ་མིན་པའི་ལྟ་སྟངས་བཟུང་བ་ཡིན་ལ། ཞི་བདེའི་གོ་སྐབས་ལ་གཏོར་བརླག་བཟོས་པ་ཞིག་དང་། དབྱི་སི་རལ་གྱི་རང་སྲུང་དབར་ཆར་དོགས་པ་ཟོས་པ་ཞིག་རེད་ཟེར།

ན་ནིང་གི་ཟླ10པའི་ཚེས7ཉིན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་ཡིས་ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་ས་ཁོངས་ཀྱི་དམངས་དམག་གི་དམིགས་འབེན་ལ་གློ་བུར་འཇབ་རྒོལ་བྱས་པ་ལས། མི1200ཙམ་རྐྱེན་ལམ་བཏང་བ་དང་། མི250ཙམ་ཧཱ་མ་སི་སོགས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་པས། དབྱི་སི་རལ་གྱིས་དེའི་རྗེས་སུ་ཅཱ་ཧྲ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས21ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གསུམ་སྟོང་ལྔ་དྲུག་བརྒྱ་ལྷག་རྐྱེན་ལམ་དུ་བཏང་བ་དང་མི་ཁྲི་བརྒྱད་ཙམ་ལ་རྨས་ཕོག་ཡོད་ཟེར།

ཁཱ་ཚི་ཡིས་བཤད་རྒྱུར། མིག་སྔར་དབྱི་སི་རལ་གྱི་མི128སྔར་བཞིན་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་དམག་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས།  དབྱི་སི་རལ་གྱི་སྤྱི་དམངས་ཀྱི་བདེ་འཇགས་སླར་གསོ་བྱེད་པ་དང་། ཧཱ་མ་སི་མེད་པར་གཏོང་བ། བཀག་འཇུག་མི་སྣ་ཕྱིར་གཏོང་དུ་འཇུག་པ་བཅས་ཀྱི་སེམས་ཐག་བཅད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།