ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཚུལ་བསྟན།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྱབ་ཁོངས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཉིན་དེར་མའོ་སི་ཁོ་ནས་སྤེལ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་རིགས་གཞུང་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་ཞུ་ཚིག་ཕུལ། ཁོས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་གི་འབྲུ་རིགས་དང་ནུས་ཁུངས། བདེ་འཇགས་བཅས་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། མིག་སྔར་གསེར་གྱོམ་རྒྱལ་ཁབ་དག་གིས་མིའི་བཟོས་རིག་ནུས་ཁྱབ་ཁོངས་སུ་མཉམ་ལས་སྤེལ་བཞིན་ཡོད་པ་དང་། ལམ་ལུགས་ཅན་གྱི་ཇུས་གཞི་འཚོལ་ཞིབ་གང་ལེགས་བྱས་ནས། མཉམ་ལས་སྟེགས་བུ་འཛུགས་སྐྲུན་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་དང་དེར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་བཞིན་ཡོད་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་དངུལ་ལོར་དང་དངུལ་ལོར་མ་ལག་ཁྲོད་ཀྱི་ནུས་པར་ཤུགས་སྣོན་བྱས་ནས། ཧུར་ཐག་སྒོས་གསེར་གྱོམ་རྒྱལ་ཁབ་ཀྱི་དངུལ་ལོར་ཕན་ཚུན་གྱི་ཉོ་ཚོང་ཁྲོད་བེད་སྤྱོད་གཏོང་བའི་རྒྱ་ཇེ་ཆེར་གཏོང་བཞིན་ཡོད། དེའི་ཞོར་དུ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་དང་ཆ་འཕྲིན་བདེ་འཇགས་ཀྱི་འགྲན་རྩོད་མདུན་ནས། གསེར་གྱོམ་རྒྱལ་ཁབ་དག་གིས་ཐུན་མོང་གི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད། ཨུ་རུ་སི་ནི་ཉིས་སྟོང་ཉེར་བཞི་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། གསེར་གྱོམ་རྒྱལ་ཁབ་ཀྱི་རིགས་གཞུང་གླེང་སྟེགས་དེ་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་མའོ་སི་ཁོ་ནས་སྤེལ་རྒྱུ་ཡིན་པ་དང་། གླེང་སྟེགས་ནས་གཙོ་བོ་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་རྒྱལ་སྤྱིའི་བདེ་འཇགས་དང་གཏན་འཇགས། དཔལ་འབྱོར་ཉོ་ཚོང་མཉམ་ལས། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས། ཚན་རྩལ་དང་གསར་གཏོད་སོགས་ཀྱི་གླེང་གཞི་གཙོར་གནད་དུ་བཟུང་ཡོད། བསྡོམས་པས་གསེར་གྱོམ་རྒྱལ་ཁབ་དག་ནས་ཡོང་བའི་ཆེད་མཁས་པ་ཉིས་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།