ཅོར་ཏན་དང་ཨ་མན་གྱི་མགོ་ཁྲིད་པས་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་ཉེར་གཉིས་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས།

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་གྱི་ཉེན་ཁའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་ངེས་པར་དུ་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་། མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ཏེ། ཅཱ་ཧྲའི་ས་ཁུལ་སོ་སོར་བཀག་རྒྱ་མེད་པའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་བྱ་བར་ཤུགས་སྣོན་དགོས་པ་ནན་བཤད་བྱས།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མྱུར་མོར་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་བཀག་འགོག་བྱེད་དགོས་པར་མ་ཟད། དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དམག་དོན་འགུལ་སྐྱོད་སྤེལ་ན་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་རྒྱ་ཡན་དུ་གཏོང་བའི་ཉེན་ཁའི་མཇུག་འབྲས་འབྱུང་སྲིད་པའི་ཉེན་བརྡ་བཏང་། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཆབ་སྲིད་མདུན་ལྗོངས་འཚོལ་ཞིབ་བྱེད་པ་དང་། ཕཱ་ལེ་སི་ཐན་མི་དམངས་ལ་ཁྲིམས་མཐུན་ཁེ་དབང་ཐོབ་པར་རྒྱབ་སྐྱོར་བྱེད་པ། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་ས་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།