ཚེས23ཉིན་གྱི་དགོང་མོ་སི་ཕེན་གྱི་ཡུལ་སྐོར་གནས་མཆོག་མཱ་ལོའུ་ཁ་གླིང་ཕྲན་གྱི་ཟ་ཁང་ཞིག་ལ་བརྡིབས་སྐྱོན་བྱུང་ནས། ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར་བ་དང་མི16ལ་རྨས་སྐྱོན་ཕོག
ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ཉིན་དེའི་དགོང་མོའི་དུས་ཚོད8དང་སྐར་མ30གཡས་གཡོན་དུ་བྱུང་ཞིང་། མགྲོན་པོ་སྐོར་ཅིག་གིས་མཱ་ལོའུ་ཁ་གླིང་ཕྲན་ཕར་མཱ་གྲོང་ཁྱེར་དུ་ཡོད་པའི་མཚོ་འགྲམ་ཟ་ཁང་དེར་ཟ་མ་ཟ་བཞིན་ཡོད། དོན་རྐྱེན་བྱུང་སྐབས་འཛུགས་སྐྲུན་དེའི་ཐོག་སོ་གཉིས་པའི་ཤེལ་སྒོའི་གཡེང་སྟེགས་བརྡིབས་ནས་ཁེར་ཐོག་ཏུ་ལྷུང་བའི་ལྗིད་ཤུགས་ཀྱི་རྡེག་རྡེབ་འོག་ས་འོག་གི་ཁང་པར་ཤུགས་རྐྱེན་ཐེབས་པ་རེད། མིག་སྔར། འདས་པོའི་རྒྱལ་ཁོངས་དང་ཐོབ་ཐང་ད་དུང་གསལ་པོར་ཤེས་ཀྱི་མེད། མྱུར་སྐྱོབ་དང་མེ་ཟོན་སྡེ་ཁག་གི་མི་སྣ་རྣམས་ཀྱིས་ཞིག་རོའི་འོག་ཏུ་མི་མནན་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཤི་བའི་མི་གྲངས་ད་དུང་མང་དུ་འགྲོ་སྲིད་ཟེར།
སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཡིས་དགོང་མོ་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ནས། འདས་པོའི་ནང་མིར་འཚམས་འདྲི་ཞུས་པ་དང་རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཁོས་སྲིད་གཞུང་གིས་དོན་རྐྱེན་བྱུང་བའི་ས་ཁུལ་ལ་དགོས་ངེས་ཀྱི་རོགས་རམ་བྱ་རྒྱུ་ཡིན་ཟེར།
མཱ་ལོའུ་ཁ་གླིང་ཕྲན་ནི་སི་ཕེན་གྱི་པཱ་ལི་ཨ་ལི་གླིང་ཚོམ་གྱི་གླིང་ཕྲན་ཆེ་ཤོས་དེ་ཡིན་པ་དང་ས་དཀྱིལ་མཚོ་ཁོངས་ཀྱི་ནུབ་རྒྱུད་དུ་ཆགས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།