ཚེས21ཉིན་ཀྲུང་གོ་དང་སི་ཕེན་བཟོ་ཚོང་ཚོང་གཏམ་གྲོས་ཚོགས་སི་ཕེན་གྱི་རྒྱལ་ས་མཱ་ཏི་ལེ་རུ་བསྡུས་པ་དང་། ཀྲུང་གོ་དང་སི་ཕེན་གྱི་ཆབ་སྲིད་ཚོང་དོན་ལས་རིགས་ཀྱི་འཐུས་མི་60ལྷག་ཚོགས་འདུར་ཞུགས། གྲོས་ཚོགས་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་སི་ཕེན་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་བསྐྱེད་པ་དང་ཐོན་ལས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་བསྐྲུན་རྒྱུ་དེ་རེད།
ཚོགས་འདུའི་ཐོག་ཡོ་རོབ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་ལས་འཛིན་ལྷན་ཚོགས་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སི་ཕེན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་སཱ་ཕ་ཐི་ལུའོ་ཡིས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འཛུགས་ཀྲུའུ་ཞིའི་འགན་འཁུར། སཱ་ཕ་ཐི་ལུའོ་ཡིས་བསྟན་དོན། ལས་འཛིན་ལྷན་ཚོགས་དེ་འཛུགས་པའི་དམིགས་ཡུལ་ནི་ཡོ་རོབ་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་རིམ་པ་སོ་སོ་རུ་སྔར་ལས་དགེ་མཚན་ལྡན་པ་དང་ཕན་འབྲས་སྔར་ལས་ཆེ་བའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། “ཡོ་རོབ་དང་ཀྲུང་གོ་ནི་འཛམ་གླིང་ཞི་བདེ་དང་མཉམ་ལས། ཐུན་མོང་ཡར་ཐོན་བཅས་ཀྱི་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཏུ་འགྱུར་བར་ང་ཚོས་ཡིད་ཆེས་བརྟན་པོ་ཡོད།”
སི་ཕེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡའོ་ཅིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་ནི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ཁྲོམ་ར་ཆེན་པོ་གཉིས་ཡིན་པ་དང་། འཛམ་གླིང་ཞི་བདེ་དང་བརྟན་བརླིང་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། ས་ཁུལ་གྱི་གནད་དོན་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་སྐབས་འདིར། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་ཇི་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།
ཡོ་རོབ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་མགོ་གཙོ་ཕན་ཧྥིན་གྱིས་བཤད་རྒྱུར། ལས་འཛིན་ལྷན་ཚོགས་དེ་བཙུགས་པ་བརྒྱུད་ཀྲུང་གོ་དང་ཡོ་རོབ་བར་གྱི་རྣམ་པ་མང་པོའི་དངོས་སྒྲུབ་མཉམ་ལས་ལ་འཚོལ་ཞིབ་དང་གྲོས་མོལ་ཧུར་ཐག་བྱས་ནས། ཀྲུང་གོ་དང་སི་ཕེན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།