མིས་བཟོས་རིག་ནུས་ཀྱི་ཧྲིག་ཨར་མཐོ་རིམ་གྲོས་ཚོགས་ཚེས21ཉིན་ནས་ཚེས22ཉིན་བར་ཧན་གོའི་ཧྲིག་ཨར་ནས་བསྡུས་དང་། ཀྲུང་གོའི་འཐུས་ཚབ་ཚོགས་པ་ཚེས22ཉིན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་མིས་བཟོས་རིག་ནུས་བཅོས་སྐྱོང་ཐད་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་རྒྱས་བཤད་བྱས།
ཀྲུང་གོའི་ཚན་རྩལ་པུའུ་ཡི་རྒྱལ་སྤྱིའི་མཉམ་ལས་ཟི་ཡི་ཟི་ཀྲང་གཞོན་པ་ཀྲོང་ཅཱ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ན་ནིང་ཟླ་བཅུ་བར་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་བཅོས་སྐྱོང་གྲོས་འགོ་བཏོན་ནས། ཀྲུང་གོའི་རྣམ་འགྱུར་དང་ལངས་ཕྱོགས་བསྟན་པ་དང་། རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་གྲོས་མོལ་ལ་ཤུགས་སྣོན་རྒྱུ་མ་ཟད། མཉམ་དུ་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་བདེ་ཐང་དང་གོ་རིམ་ལྡན་ལ། བདེ་འཇགས་ཡིན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་རེ་འདུན་བཟང་བོ་བསྟན། ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་ལྟར་ན། མིས་བཟོས་རིག་ནུས་ཀྱི་བཅོས་སྐྱོང་དེས་ཕན་ཐོགས་ཡོད་པ་དང་བདེ་འཇགས་ཡིན་པ། འདྲ་མཉམ་ཡིན་པ་བཅས་ལ་འགན་སྲུང་བྱེད་དགོས་པར་འདོད་ཡོད། ཀྲུང་གོ་ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་བཅོས་སྐྱོང་མཉམ་ལས་བརྗེ་རེས་ནང་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་དང་བདེ་འཇགས། བཅོས་སྐྱོང་བཅས་ཀྱི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་བྱེད་པར་རྒྱབ་སྐྱོར་བྱས་ནས། ཐུན་མོང་ངོས་ཟིན་རྒྱ་ཆེར་ལྡན་པའི་མིས་བཟོས་རིག་ནུས་བཅོས་སྐྱོང་གི་སྒྲོམ་གཞི་ཆགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
དེང་སྐབས་ཀྱི་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དེ་འགྲན་རྩོད་སྣ་མང་ལ་འཕྲད་པའི་གནས་བབ་འོག ཀྲུང་གོ་ཕྱོགས་ཀྱིས་བལྟས་ན། རྒྱལ་ཁབ་སོ་སོས་མུ་མཐུད་དུ་འཕེལ་རྒྱས་དང་བདེ་འཇགས་གཙོར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས་ཐུན་མོང་ལྟ་ཚུལ་གཅིག་འདུས་བྱེད་ལ། སྒོ་འབྱེད་དང་དྲང་བདེན། ཕན་ནུས་ལྡན་པའི་མིས་བཟོས་རིག་ནུས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་འཛུགས་དགོས་པར་འདོད།
ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ན་ནིང་ཟླ་བཅུ་གཅིག་པར་དབྱིན་ཇི་ནས་བསྡུས་པའི་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་རྗེས་མཐུད་གྲོས་ཚོགས་ཡིན་པ་དང་། ཧན་གོ་དང་དབྱིན་ཇི་ཡིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། བདེ་འཇགས་དང་གསར་གཏོད། བཟོད་སྒོམ་བཅས་བརྗོད་སྙིང་དུ་བཟུང་ཡོད། མཐོ་རིམ་གྲོས་ཚོགས་དེ་ཚེས་ཉེར་གཅིག་ཉིན་གྱི་མགོ་གཙོའི་གྲོས་ཚོགས་དང་ཚེས་ཉེར་གཉིས་ཉིན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སུ་དབྱེ་ཡོད།
མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས། ཚོགས་ཞུགས་ཕྱོགས་ཁག་སོ་སོས་བདེ་འཇགས་དང་གསར་གཏོད། དཀྱེལ་ཡངས་བཅས་ཀྱི་རྩ་དོན་ཆེན་མོ་གསུམ་འདུས་པའི་མིས་བཟོས་རིག་ནུས་ཀྱི་ཧྲིག་ཨར་བསྒྲགས་གཏམ་དང་མིས་བཟོས་རིག་ནུས་བདེ་འཇགས་ཚན་རིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་ཧྲིག་ཨར་རེ་འདོད་ཡི་གེ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།