ཕ་ལེ་སི་ཐན་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དམག་དོན་འགུལ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པར་དགའ་བསུ་ཞུས།
2024.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཕ་ལེ་སི་ཐན་ཙུང་ཐུང་བཞུགས་ཤག་གིས་ཚེས24ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཉིན་དེར་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དམག་དོན་འགུལ་སྤྱོད་སྤེལ་མཚམས་མྱུར་དུ་འཇོག་དགོས་པའི་བླང་བྱ་བཏོན་པའི“གནས་སྐབས་བྱ་ཐབས”ལ་དགའ་བསུ་ཞུས།

གསལ་བསྒྲགས་ནང་བཤད་རྒྱུར། དབྱི་སི་རལ་གྱིས་རང་ཉིད་རྒྱལ་སྤྱིའི་ཁྲིམས་ལས་བརྒལ་ཆོག་པ་མ་ཟད། ཨ་མེ་རི་ཁའི་རྨོངས་ཚོད་དང་ཕྱོགས་རིས་ཀྱི་རྒྱབ་སྐྱོར་འོག་འགན་འཁྲི་འཁུར་མི་དགོས་པར་འདོད་ཡོད། དེར་གཞིགས་ནས་གསལ་བསྒྲགས་ནང་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་སྟེར་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་དགོས་པའི་རེ་བ་བཏོན་ཏེ།     རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་དང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་གྲོས་ཆོད་ལ་བརྩི་འཇོག་བྱེད་དགོས་པར་མ་ཟད། ལག་བསྟར་ཡང་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ནང་ཕ་ལེ་སི་ཐན་གྱི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་བསྔགས་བརྗོད་བྱས་པ་དང་། རྒྱལ་སྤྱིའི་ཐུན་མོང་གི་ངོས་ཟིན་དེས་དབྱི་སི་རལ་དང་དེ་བཞིན་དེར་རྒྱབ་སྐྱོར་དང་སྲུང་སྐྱོབ་འདོན་སྤྲོད་བྱེད་མཁན་དང་། ཁྲིམས་ཆད་མེད་པར་གཏོང་བ་དང་རོགས་རམ་བྱེད་པའི་མནའ་མཐུན་གྲོགས་པོ་ནི་ཁེར་རྐྱང་དུ་བཏང་ཡོད་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད།

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས།     རྒྱལ་སྤྱིའི་ཁྲིམས་ཁང་གི་ཐག་གཅོད་ལ་དགའ་བསུ་ཞུས། ཧ་མ་སི་ཡིས་གསལ་བསྒྲགས་ནང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་སྟེར་དགོས་པ་དང་། ཐག་གཅོད་མྱུར་མོར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། དོན་དངོས་དང་གཟབ་ནན་གྱི་རྣམ་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཚང་མ་དོན་འཁྱོལ་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ནི་ས་ཁུལ་དེའི་དམག་དཔུང་གིས་ད་དུང་གཞི་ཁྱོན་ཆེན་པོས་ཚུར་རྒོལ་བྱས་མེད་པའི་གྲོང་ཁྱེར་གཙོ་བོ་ཞིག་ཡིན་པ་དང་། མང་ཚོགས་མང་པོ་གནས་དེར་བྲོས་བྱོལ་དུ་ཡོང་ཡོད། ཟླ་འདིའི་ཟླ་མགོར་ཧ་མ་སི་དང་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཕམ་པའི་རྗེས་སུ། དབྱི་སི་རལ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོ་རྒོལ་ལ་མ་འཛེམས་པར་མུ་མཐུད་དུ་ལཱ་ཧྥ་ས་ཁུལ་དུ་དམག་འཁྲུག་རྒྱག་པར་སྐུལ་འདེད་བཏང་བ་རེད།

ཚེས24ཉིན་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧི་ལན་གྱི་ཧའེ་ཡཱ་རུ“གནས་སྐབས་ཀྱི་བྱེད་ཐབས”ཁྱབ་བསྒྲགས་བྱས་ཏེ། དབྱི་སི་རལ་གྱིས་ལཱ་ཧྥ་རུ་མྱུར་དུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད། རྒྱལ་སྤྱིའི་ཁྲིམས་ཁང་གིས་ད་དུང་དབྱི་སི་རལ་གྱིས་ངེས་པར་དུ་ཅ་ཧྲ་ས་ཁུལ་གྱི་ལཱ་ཧྥ་ཡི་འགག་སྒོ་རྒྱུན་མཐུད་ངང་སྒོ་ཕྱེས་ནས།     མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གེགས་མེད་ཡོང་བ་བྱ་རྒྱུར་ཁག་ཐེག་བྱེད་དགོས་པ་དང་། དེ་ལས་གཞན་དབྱི་སི་རལ་གྱིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟག་དཔྱོད་མི་སྣ་ཅ་ཧྲ་ས་ཁུལ་དུ་བསྐྱོད་དེ། རིགས་རྒྱུད་རྩ་མེད་དུ་གཏོང་བའི་ཉེས་དོན་ཞུ་གཏུག་ལ་བརྟག་དཔྱོད་བྱེད་དགོས་པར་མ་ཟད།    འབྲེལ་ཡོད་བདེན་དཔང་སོར་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་ཟླ་གཅིག་གི་ནང་གོང་གསལ་གྱི་བཀའ་རྒྱ་ལག་བསྟར་བྱེད་རྒྱུའི་བྱ་ཐབས་ཚང་མ་ངེས་པར་དུ་སྙན་ཞུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།