ཚེས24ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སུ་དཀར་པོའི་རྒྱལ་ས་མིན་སི་ཁི་རུ་བསྟན་དོན། མིག་སྔའི་དོན་དངོས་ཀྱི་རྨང་གཞིའི་ཐོག་ཝུའུ་ཁི་ལན་དང་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ཚེས23ནས་ཚེས24ཉིན་བར་ཨུ་རུ་སུ་དཀར་པོར་འཚམས་འདྲི་བྱས། ཚེས24ཉིན་ཁོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་གྲོས་མོལ་གྱི་འཕེལ་རིམ་དོར་མྱོང་མེད་པ་དེ་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་རང་ཕྱོགས་གཅིག་པུའི་འདོད་བློར་གཞིགས་མི་རུང་བར། ཨུ་རུ་སུ་དང་ཐུར་ཁེའི་གྲོས་མོལ་ལ་ཐོབ་པའི་གྲུབ་འབྲས་དང་མིག་སྔའི་དོན་དངོས་ལ་གཞིགས་དགོས་ཟེར།
ཕུའུ་ཅིན་གྱིས་དུས་མཉམ་དུ་བསྟན་དོན། ཨུ་རུ་སུས་གལ་སྲིད་ཝུའུ་ཁི་ལན་དང་ཞི་བདེའི་གྲོས་མཐུན་བཞག་ཚེ།“ཁྲིམས་མཐུན”གྱི་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་འབྲེལ་བ་བྱེད་དགོས། ཁོས་བལྟས་ན། ཙི་ལན་སི་ཅི་ཡི་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ཁྲིམས་མཐུན་རང་བཞིན་མཇུག་སྒྲིལ་ཟིན་པར་འདོད།
འཚམས་འདྲི་བྱེད་སྐབས། ཕུའུ་ཅིན་གྱིས་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་བདེ་འཇགས་གནད་དོན་སྐོར་གླེང་སྐབས་བསྟན་དོན། ཨུ་རུ་སུ་དང་ཨུ་རུ་སུ་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་བློས་འགེལ་ཆོག་པའི་སྲུང་སྐྱོབ་ཐོབ་ཡོད་པ་དང་། ཨུ་རུ་སུ་དང་ཨུ་རུ་སུ་དཀར་པོའི་མཐའ་མཚམས་ཚང་མར་ཨུ་རུ་སུའི་འགོག་སྲུང་མ་ལག་དང་འཐབ་རྩལ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་ཡོད། ཁོས་བཤད་རྒྱུར། མིག་སྔའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་རོལ་གྱི་ཛ་དྲག་གནས་བབ་ལ་གཞིགས་ནས་ཁོས་ལུའུ་ཁ་ཧྲིན་ཁི་དང་གྲོས་མོལ་བྱེད་སྐབས“གཅིག་གྱུར་གྱི་འགོག་སྲུང་བར་སྟོང་ཆགས་པའི་གནད་དོན་ལ་གྲོས་བསྡུར་ཞིབ་ཕྲ་བྱས་ཡོད”ཟེར།
ཨུ་རུ་སུས་ད་ལྟ་སྤྱོད་བཞིན་པའི་འཐབ་ཇུས་མིན་པའི་ཉིང་རྡུལ་མཚོན་ཆའི་སྦྱོང་བརྡར་ཐད། ཕུའུ་ཅིན་གྱིས་བསྟན་དོན། དེ་ནི་ཨུ་རུ་སུས་དུས་བཀག་ལྟར་སྤེལ་བའི་སྦྱོང་བརྡར་ཞིག་ཡིན་པས་གནས་བབ་ཛ་དྲག་ཏུ་འགྲོ་མི་སྲིད། ཐེངས་འདིའི་སྦྱོང་བརྡར་དང་དེ་སྔོན་གྱི་སྦྱོང་བརྡར་མི་འདྲ་ས་ནི“ཨུ་རུ་སུ་དཀར་པོའི་མངའ་ཁོངས་སུ་འཐབ་ཇུས་མིན་པའི་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་རྗེས། ང་ཚོས་ཨུ་རུ་སུ་དཀར་པོ་དང་མཉམ་དུ་སྦྱོང་བརྡར་བྱེད་པ”དེ་ཡིན་ཟེར།
ཟླ་འདིའི་ཚེས21ཉིན། ཨུ་རུ་སུས་དུས་མཚམས་དང་པོའི་འཐབ་ཇུས་མིན་པའི་ཉིང་རྡུལ་ནུས་པའི་སྦྱོང་བརྡར་བྱེད་མགོ་བརྩམས། ཕུའུ་ཅིན་གྱིས་དེའི་སྔོན་བསྟན་དོན། འཐབ་ཇུས་མིན་པའི་ཉིང་རྡུལ་མཚོན་ཆའི་སྦྱོང་བརྡར་དུས་མཚམས་གསུམ་ལ་དབྱེ་ནས་སྤེལ་བ་དང་དུས་མཚམས་གཉིས་པར་ཨུ་རུ་སུ་དཀར་པོ་སྦྱོང་བརྡར་ཁྲོད་ཞུགས་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།