མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་མི་ཆོས་རིང་ལུགས་ཀྱི་མི་སྣར་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན།
2024.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས24ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང2730པར་གྲོས་འཆམ་བྱུང་ནས། རྒྱལ་ཁབ་ཚང་མས་མི་ཆོས་རིང་ལུགས་ཀྱི་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ།    འབྲེལ་ཡོད་མི་སྣ་བཅས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ5པའི་ཚེས24ཉིན། ཉིག་ཡོ་རུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་མི་སྣར་སྲུང་སྐྱོབ་བྱ་རྒྱུའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུའི་ནན་བཤད་བྱས།

གྲོས་ཆོད་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ15ཁྲོད་ཀྱི་རྒྱལ་ཁབ14ཡི་རྒྱབ་སྐྱོར་ཐོབ་པ་དང་ཨུ་རུ་སུས་དབང་ཆ་དོར།

གྲོས་ཆོད་ནང་རྒྱལ་ཁབ་སོ་སོ་དང་དེ་མིན་དྲག་པོའི་གདོང་ཐུག་ཕྱོགས་སོ་སོས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས།  དྲག་པོའི་གདོང་ཐུག་ཕྱོགས་སོ་སོའི་མི་ཆོས་རིང་ལུགས་ཀྱི་མི་སྣ་དང་།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ།    འབྲེལ་ཡོད་མི་སྣ་བཅས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་བརྩི་སྲུང་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཆོད་ནང་དྲག་པོའི་གདོང་ཐུག་ཕྱོགས་སོ་སོས་དགྲར་འཛིན་བྱ་སྤྱོད་ཁྲོད་དབྱེ་བ་དགར་བ་དང་དོ་མཉམ་པ།    སྔོན་འགོག་བཅས་ཀྱི་རྩ་དོན་ལ་བརྩི་འཇོག་བྱས་ནས། མང་ཚོགས་འཚོ་གནས་བྱེད་པའི་སྒྲིག་ཆས་ལ་འཇབ་རྒོལ་དང་གཏོར་བཤིག་མི་གཏོང་བ་དང་འབར་གས་སྒྲིག་ཆས་གང་བྱུང་དུ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ནང་མི་ཆོས་རིང་ལུགས་ཀྱི་ཆོག་འཐུས་བཀག་སྡོམ་དང་མང་ཚོགས་འཚོ་གནས་བྱེད་པའི་སྒྲིག་ཆས་བཙན་འཕྲོག་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། མི་ཆོས་རིང་ལུགས་ཀྱི་མི་སྣར་དམིགས་ནས་གནས་ཚུལ་དངོས་མིན་པའམ་ཡང་ན་གཏུམ་སྤྱོད་ངན་སྐུལ་བྱས་པར་རྒོལ་གཏམ་བཏང་བ་དང་།     རྒྱལ་ཁབ་སོ་སོས་མི་ཆོས་རིང་ལུགས་ཀྱི་མི་སྣར་དམིགས་པའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ལ་བརྟག་དཔྱད་དང་འགན་འཁྲི་བདའ་འདེད་བྱ་རྒྱུའི་སྐུལ་མ་བཏང་།

ཤ་བོ་རིན་མཚོས་བསྒྱུར།