ཚེས23ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གསལ་བསྒྲགས་སྤེལ་ནས། ན་ནིང་ཟླ10པའི་སྔོན་དུ་ཁོ་ལ་ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་བྱེད་སྲིད་པའི་སྐོར་གྱི་དམག་དོན་གནས་ཚུལ་སྡེ་ཚན་གྱི་ཉེན་བརྡའི་སྙན་ཞུ་འབྱོར་ཡོད་པ་ཁས་ལེན་མ་བྱས།
ཁོས་གསལ་བསྒྲགས་ནང་བཤད་རྒྱུར། ཁོ་ལ་འབྱོར་བའི་ཚོད་སྐོར་སྙན་ཞུ་ནི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)ཟིལ་གྱིས་གནོན་པ་ལས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྤྲོ་བ་མེད་ཟེར།
གསལ་བསྒྲགས་ལས་ཁོ་ལ་འབྱོར་བའི་ཚོད་སྐོར་སྙན་ཞུ4ཡི་ནང་ཧ་མ་སི་དང་འབྲེལ་བ་ཡོད་པའི་སྙན་ཞུ་གཉིས་ཀྱིས“ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལ་ཕར་རྒོལ་བྱེད་འདོད་མེད”ཅེས་འཁོད་ཡོད།
ཚེས23ཉིན་དབྱི་སི་རལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་དམག་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གསང་འཕྲིན་སྡེ་ཚན་གྱིས་ན་ནིང་ཟླ3པ་ནས་ཟླ7པའི་བར་ནེ་ཐ་ཉི་ཡ་ཧུའུ་ལ་ཉེན་བརྡའི་ཡིག་ཆ4བཏང་ནས། དབྱི་སི་རལ་གྱི་དགྲ་བོས་དབྱི་སི་རལ་གྱི་མཐུན་སྒྲིལ་ལ་གནོད་འཚེ་ཇི་ལྟར་གཏོང་བ་དང་། ལྷག་པར་དུ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ལ་རྡུང་རྡེག་གཏོང་བའི་ཐད་སྤྱོད་སྲིད་པའི་ཐབས་ཇུས་ལ་དབྱེ་ཞིབ་བྱས་ཡོད།
དམག་འཁྲུག་སྐབས་སུ་ནང་བློན་ཁང་གི་ཁོངས་མི་ཀན་ཚི་ཡིས་ཚེས23ཉིན་གྱི་དགོང་མོ། ཁོས་རྒྱལ་ཁབ་བརྟག་དཔྱད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི་འབུལ་རྒྱུ་དང་། ཨུ་ཡོན་ལྷན་ཁང་དེས་ན་ནིང་གི་ཟླ10བའི་ཚེས7ཉིན་ཧ་མ་སིས་དབྱི་སི་རལ་ལ་འཇབ་རྒོལ་མ་བྱས་གོང་གི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུའི་འགན་འཁུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
ན་ནིང་གི་ཟླ10བའི་ཚེས7ཉིན། ཧ་མ་སིས་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་མངའ་ཁོངས་ཀྱི་དམག་དམངས་ཀྱི་དམིགས་འབེན་ལ་གློ་བུར་དུ་འཇབ་རྒོལ་བྱས་པས་མི1200ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི250ཙམ་ཧ་མ་སི་སོགས་ཕ་ཁི་སི་ཐན་ཕྱོགས་ཀྱི་དྲག་ཆས་མི་སྣས་ཅ་ཧྲ་ས་ཁུལ་དུ་བཙན་འགོག་བྱས་ཡོད་པ་རེད། དེའི་རྗེས་སུ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་སྤེལ། ཚེས22ཉིན་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་བ་ཁྲི3.57ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི8ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།