སྐབས17པའི་ཁི་ལེ་ཨར་མིན་ཐིའི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོ་དེ་ཚེས་24ཉིན་ཨ་མེ་རི་ཁའི་ཅ་ལི་ཧྥུ་ནེ་ཡ་མངའ་སྡེའི་སྐྱེ་ཁམས་གྲོང་ཁྱེར་གྲགས་ཅན་ཁི་ལེ་ཨར་མིན་ཐི་ནས་བསྡུས་པ་དང་། ཆེད་མཁས་པ་རྣམས་ཀྱིས་གླེང་སྟེགས་སུ་ཀྲུང་གོ་དང་ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་ནས་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་འབོད་བྱས།
ཀྲུང་གོ་དང་ཨ་མེ་རི་ཁ། ཁ་ན་ཏ། འཇར་མན། དབྱི་ཐ་ལི། ཧན་གོ སང་ག་ཕོར་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་ཆེད་མཁས་པ་དང་ལས་ཡུལ་དང་པོའི་ལག་ལེན་པ130ལྷག་ཐེབས་འདིའི་ཚོགས་འདུར་ཞུགས་པ་དང་། དེའི་ཁྲོད་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་མཐོ་རིམ་སློབ་གྲྭའི་མཁས་པ40ལྷག་ཡོད།
ལུའོ་ཧྲན་ཅི་རུ་སྡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་པ་གོ་ཧྲའོ་ཁྲུན་གྱིས་གླེང་སྟེགས་ལ་བསྐུར་བའི་ཡིག་ཐོག་གི་ཞུ་ཚིག་ནང་བཤད་རྒྱུར། ཀྲུང་གོ་འཛམ་གླིང་གི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་གིས་ཟབ་ཞུགས་བྱས་ཡོད། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་མདུན་དུ་རྒྱལ་ཁབ་ཚང་མར་ལག་གདང་སྦྲེལ་ནས་དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་པའི་འོས་འགན་ཡོད། ཁི་ལེ་ཨར་མིན་ཐིའི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་གླེང་སྟེགས་ཀྱིས་དུས་ཡུན་རིང་པོར་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ནང་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་བར་ཕན་ཚུན་བརྗེ་རེས་དང་རྒྱུས་ལོན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། རྒྱལ་ཁབ་གཉིས་ཀྱི་རིག་མཛོད་བར་གྱི་འབྲེལ་འདྲིས་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
དགུང་ལོ་བརྒྱ་ཐམ་པར་སླེབས་ལ་ཉེ་བའི་ཨ་མེ་རི་ཁའི་རྒྱལ་ཁབ་མི་གཞུང་ཚན་རིག་ཁང་གི་ཡོན་ཧྲི། འབུམ་རམས་པ་ཞའོ་ཡོ་ཧན·ཁི་པུའུ་ཡིས “ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཆེད་དུ། ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་དགོས་ངེས་རང་བཞིན”ཞེས་པའི་གཙོ་དོན་གཏམ་བཤད་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་དང་ལག་ལེན་པ་མཉམ་འཛོམས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུའི་གལ་ཆེའི་རང་བཞིན་ལ་གྲོས་བསྡུར་བྱེད་དགོས་པ་ནན་བཤད་བྱས། ཁོས་བཤད་རྒྱུར། མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སའི་གོ་ལ་འདིར་སྲུང་སྐྱོབ་བྱ་ཆེད། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་ལག་གདང་སྦྲེལ་ནས་མཉམ་ལས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་ཟེར།
ཨ་མེ་རི་ཁའི་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་སྒྲིག་གཞིའི་ཁི་པུའུ་ཞིབ་འཇུག་ཁང་གི་ཡོན་ཀྲང་མ་ལི·དབྱི་ལི་ཧྲ་པེ·མུའུ་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། སའི་གོ་ལའི་ཁོར་ཡུག་ལ་འཇིགས་སྐུལ་དང་འགྲན་སློང་སྣ་ཚོགས་འབྱུང་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་བརྗེ་རེས་དང་མཉམ་ལས་བྱས་ཚེ་གཞི་ནས་འཛམ་གླིང་ཁྱབ་ཁོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་ཐུབ་ཟེར།
ཨ་རིའི་ཀྲུང་གོ་དང་ཨ་རིའི་དེང་རབས་ཕྱི་མའི་ཞིབ་འཇུག་གླིང་གི་ལས་གཞིའི་ཀྲུའུ་རིན་ཧྥན་མེ་ཅུན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཚེ་གཞི་ནས་ཐུན་མོང་གི་ཁྱིམ་གཞིས་སའི་གོ་ལའི“རི་སྔོ་ཆུ་དྭངས”ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ།
ཁི་ལེ་ཨར་མིན་ཐིའི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་གླེང་སྟེགས་དེ2006ལོར་བཙུགས་པ་རེད། དུས་ཡུན་ཉིན་གཉིས་ཀྱི་སྐབས་འདིའི་གླེང་སྟེགས་ནི་ཨ་རིའི་ཀྲུང་གོ་དང་ཨ་རིའི་དེང་རབས་ཕྱི་མའི་ཞིབ་འཇུག་གླིང་དང་། ཨ་མེ་རི་ཁའི་བརྒྱུད་རིམ་ཞིབ་འཇུག་ལྟེ་གནས། ཨ་མེ་རི་ཁའི་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་གླིང་། ཁི་ལེ་ཨར་མིན་ཐི་གྲོང་ཁྱེར་སྲིད་གཞུང་། ཁི་ལེ་ཨར་མིན་ཐིའི་ཕིས་ཚི་སློབ་གླིང་། ཁི་པུའུ་ཞིབ་འཇུག་ཁང་སོགས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་དང་སྐུལ་འདེད་ཚོགས་པ་ནི་སྐབས་འདིའི་གླེང་སྟེགས་ལ་རྒྱབ་སྐྱོར་བྱེད་པའི་ལས་ཁུངས་རེད།
ཤ་བོ་རིན་མཚོས་བསྒྱུར།