ཝུའུ་ཁི་ལན་ཧར་ཁི་ཧྥུའུ་གྲོང་ཁྱེར་གྱི་ཨར་ལས་རྒྱུ་ཆའི་ཁྲོམ་ར་ཞིག་ལ་མཁའ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི2བསད།
2024.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས25ཉིན། ཝུའུ་ཁི་ལན་ཧར་ཁི་ཧྥུའུ་མངའ་སྡེ་ཡི་དམག་དོན་སྲིད་འཛིན་དཔོན་ཞི་ཉེ་ཀུའུ་པོ་ཧྥུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གཏམ་གླེང་སྤེལ་ནས་བཤད་རྒྱུར། ཧར་ཁི་ཧྥུའུ་གྲོང་ཁྱེར་གྱི་ཨར་ལས་རྒྱུ་ཆའི་ཁྲོམ་ར་ཞིག་ལ་ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་མཁའ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི2བསད་པ་དང་མི33རྨས་ཟེར།

ཞི་ཉེ་ཀུའུ་པོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་སྣེ་ཁྲིད་མཁའ་འགྲུལ་འབར་མདེལ་སྤྱད་དེ། ཧར་ཁི་ཧྥུའུ་གྲོང་ཁྱེར་གྱི་ཨར་ལས་རྒྱུ་ཆའི་ཁྲོམ་ར་ཞིག་ལ་འཇབ་རྒོལ་བྱས་ནས་མེ་ཆེན་པོ་མཆེད་བྱུང་ལ། དེའི་རྗེས་སུ་ཝུའུ་ཁི་ལན་རྒྱལ་ཁབ་ཛ་དྲག་གནས་ཚུལ་ཅུའུ་ཡིས་ཨར་ལས་རྒྱུ་ཆའི་ཁྲོམ་རའི་མེ་སྐྱོན་ལ་ཚོད་འཛིན་བྱེད་ཐུབ་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཉིན་དེར་བརྙན་ལམ་ནས་གཏམ་བཤད་སྐབས། འཇབ་རྒོལ་དངོས་སུ་སྤེལ་སྐབས། ཨར་ལས་རྒྱུ་ཆའི་ཁྲོམ་ར་དེའི་ནང་དུ་མི200ལྷག་ཡོད་ངེས་ཟེར།

ཧར་ཁི་ཧྥུའུ་མངའ་སྡེ་ཡི་ཞིབ་དཔྱོད་དཔོན་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། གཞུང་སྒྲུབ་ཁང་དེས་འཇབ་རྒོལ་དོན་རྐྱེན་ལ་ཉེས་དོན་བརྟག་དཔྱད་བྱས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།