མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་ཕྱེད་ཀའི་ནང་ལྗིད་ཐེག་རླངས་འཁོར900ལྷག་གིས་རོགས་སྐྱོར་དངོས་ཟོག་ཅ་ཧྲ་ས་ཁུལ་དུ་སྐྱེལ་ཆོག་པའི་ཆོག་མཆན་ཐོབ་ཡོད་ཅེས་བཤད།
2024.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས24ཉིན་བསྒྲགས་པའི་ཆེས་གསར་པའི་གཞི་གྲངས་ལྟར་ན།   ཟླ་འདིའི་ཚེས7ནས་ཚེས23ཉིན་བར། ལྗིད་ཐེག་རླངས་འཁོར906གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་ཐོབ།     ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་འཁྲུག་རྩོད་གསར་པ་མ་བྱུང་སྔོན། ཆ་སྙོམས་ཉིན་རེར་ལྗིད་ཐེག་རླངས་འཁོར500ལྷག་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་འགག་སྒོ་ལཱ་ཧྥ་དང་ཁའེ་ལེ་མུའུ་ཧྲ་ལུའོ་མུའུ་ནས་ཅ་ཧྲ་ས་ཁུལ་དུ་དངོས་ཟོག་སྐྱེལ་བཞིན་ཡོད།

ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ས་ཡ་ལྷག་གིས་ཆག་སྒོ་རང་བཞིན་གྱི་བཀྲེས་ལྟོགས་མྱོང་བཞིན་ཡོད།     ཟླ་འདིའི་ཟླ་སྟོད་དུ་དབྱི་སི་རལ་གྱི་དམག་གིས་ལཱ་ཧྥ་འགག་སྒོའི་ཅ་ཧྲ་ཕྱོགས་བཀག་སྡོམ་བྱས་པ་ནས་བཟུང་། ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཚབས་ཆེན་དང་ཇེ་སྡུག་ཏུ་གྱུར།     ཚེས24ཉིན་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་བརྡ་ཁྱབ་བཏང་བ་ལྟར་ན།    འདས་ཟིན་པའི་ཟླ་ཕྱེད་ཀའི་ནང་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལྗིད་ཐེག་རླངས་འཁོར་ལཱ་ཧྥ་འགག་སྒོ་བརྒྱུད་ཐབས་བྲལ་བ་དང་།    ལྗིད་ཐེག་རླངས་འཁོར143ཁའེ་ལེ་མུའུ་ཧྲ་ལུའོ་མུའུ་འགག་སྒོ་བརྒྱུད་ནས་ཅ་ཧྲ་ས་ཁུལ་དུ་བསྐྱོད་ལ།    རླངས་འཁོར62ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཨའེ་ལེ་ཚི་འགག་སྒོ་བརྒྱུད་ནས་བསྐྱོད།    རླངས་འཁོར604ཨའེ་ལེ་ཚི་ནུབ་མའི་འགག་སྒོ་བརྒྱུད་ནས་བསྐྱོད་པ་དང་།    རླངས་འཁོར97ཨ་མེ་རི་ཁས་ཅ་ཧྲ་ས་ཁུལ་དབུས་རྒྱུད་དང་ས་དཀྱིལ་མཚོ་རྒྱུད་དུ་བསྐྲུན་པའི་གནས་སྐབས་གྲུ་ཁ་བརྒྱུད་ནས་བསྐྱོད་ཟེར།

ཨ་མེ་རི་ཁས་བསྐྲུན་པའི་གྲུ་ཁ་ཟླ་འདིའི་ཚེས17ཉིན་སྤྱོད་མགོ་བརྩམས།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་སི་ཐི་ཧྥན་ན·ཏི་ཡ་ལིས་ཁི་ཡིས་ཚེས24ཉིན་བཤད་རྒྱུར། གྲུ་ཁ་དེ་བདེ་བླག་ངང་འཁོར་སྐྱོད་བྱེད་མ་ཐུབ་པས། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སྐམ་སའི་བགྲོད་ལམ་བརྒྱུད་ནས་ཅ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་བྱ་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱས།     མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་དེའི་སྔོན་ལ་སྐམ་སའི་བགྲོད་ལམ་ནི་ཅ་ཧྲ་ས་ཁུལ་ལ་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཐབས་ལམ་ཆེས་མགྱོགས་པོ་ཡིན་ཞེས་ཐེངས་མང་བཤད་པ་རེད།

ལུའུ་ཐི་གསར་འགྱུར་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་ཞིག་གི་ནང་དོན་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན།    ཟླ་འདིའི་ཚེས16ཉིན་བར་ཅ་ཧྲ་ས་ཁུལ་དུ་བསྐྱོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཀྱི་ལྗིད་ཐེག་རླངས་འཁོར2000ལས་བརྒལ་བའི་ནང་ཟས་རིགས་སྐྱེལ་འདྲེན་བྱེད་པའི་ལྗིད་ཐེག་རླངས་འཁོར་1574ཡོད་ཟེར།