ཟླ5པའི་ཚེས25ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་བའི་རིང་ལ། ཨུ་རུ་སིའི་རྒྱལ་སྲུང་བཟོ་ལས་ཁེ་ལས་ཀྱི་ཐོན་ཚད་མངོན་གསལ་སྒོས་ཇེ་མང་དུ་འཕར་ཡོད་ཟེར།
ཚེས25ཉིན། ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་རྒྱལ་སྲུང་བཟོ་ལས་ཕྱོགས་བསྡུས་སྒྲིག་གཞིའི་ཁེ་ལས་ཀྱི་འགན་འཁུར་པར་ཐུག་འཕྲད་བྱེད་སྐབས། དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་བའི་རིང་ལ། ཨུ་རུ་སིའི་རྒྱལ་སྲུང་བཟོ་ལས་ཕྱོགས་བསྡུས་སྒྲིག་གཞིའི་ཁེ་ལས་ཀྱི་ཐོན་ཚད་མངོན་གསལ་སྒོས་ཇེ་མང་དུ་འཕར་ཡོད་ཅིང་། དེའི་ཁྲོད་འབར་མདེལ་ཐོན་ཚད་ལྡབ13འཕར་བ་དང་། མི་མེད་གནམ་གྲུའི་ཐོན་ཚད་ལྡབ3འཕར་ཡོད་ཅིང་། ཁྲབ་ལྡན་མཚོན་ཆའི་ཐོན་ཚད་ལྡབ2.5འཕར་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། རྒྱལ་སྲུང་བཟོ་ལས་ཁེ་ལས་མང་ཆེ་བས་དུས་བཅད་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་མངགས་ཐོའི་ལས་འགན་ཡོངས་འགྲུབ་བྱེད་ཀྱིན་ཡོད་པ་དང་། ཐ་ན་ཁག་གཅིག་གིས་དུས་བཅད་ཀྱི་སྔོན་ལ་ཡོངས་འགྲུབ་བྱེད་ཀྱིན་ཡོད་ཟེར། ཕུའུ་ཅིན་གྱིས་དམག་དཔུང་གི་དེང་རབས་ཅན་གྱི་ལག་རྩལ་མཐོ་བའི་གོ་མཚོན་སྒྲིག་ཆས་ཀྱི་འགྲོས་ལྡན་མཁོ་སྤྲོད་ལ་མུ་མཐུད་ཤུགས་སྣོན་དགོས་ཀྱི་ཡོད་དེ། དཔེར་ན་མི་མེད་མཁའ་འགྲུལ་དང་ས་ངོས་མ་ལག ཞིབ་ཚད་མཐོ་བའི་མཚོན་ཆ། གློག་རྡུལ་དམག་འཐབ་སྒྲིག་ཆས་སོགས་ལྟ་བུ་ཡིན་ཟེར།
ཕུའུ་ཅིན་གྱིས་ད་དུང་དམག་དཔུང་གི་དཔལ་འབྱོར་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས། “རྒྱལ་ཁབ་ཀྱི་དངུལ་སྐར་མ་གཅིག་བཀོལ་ནའང་དེ་བསྟུན་གྱི་ནུས་པ་ཐོན་དགོས”ཞེས་ནན་བཤད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།