དབྱི་སི་རལ་གྱི་ཆ་འཕྲིན་མི་སྣ་ཞིག་གིས་ཚེས25ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་གཟའ་འཁོར་རྗེས་མའི་ཨེ་ཅིབ་དང་ཁཱ་ཐར་གྱི་གྲོས་གཞི་གསར་པའི་ཐད་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་ཡང་བསྐྱར་གྲོས་མོལ་བྱེད་རྒྱུ་རེད་ཟེར།
གནས་ཚུལ་སྤེལ་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་ལས་སྒྲུབ་ཅུའུ(མོ་ས་ཏི)ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡ་ཡིས་ཚེས25ཉིན་ཕ་རེ་སི་ནས་ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པོ་ཨིན་སི་དང་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་མུའུ་ཧན་མོ་ཏི་གཉིས་ལ་མཇལ་འཕྲད་གནང་རྗེས་ཕྱིར་དབྱི་སི་རལ་དུ་ལོག ཁོ་ཚོ་མི་གསུམ་གྱིས་གྲོས་ཚོགས་སྟེང་གཟའ་འཁོར་རྗེས་མའི་ཨེ་ཅིབ་དང་ཁཱ་ཐར་གྱི་གྲོས་གཞི་གསར་པ་གཞིར་བཟུང་ནས་ཡང་བསྐྱར་གྲོས་མོལ་བྱེད་རྒྱུའི་ཐག་བཅད།
གཞན་ཡང་དབྱི་སི་རལ་གྱི་བཱ་ལ་གསར་འགྱུར་དྲ་བའི་སྟེང་ཚེས25ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་སི་རལ་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་གོང་གསལ་གྱི་ཕ་རེ་སིའི་ཚོགས་འདུ་ཚོགས་རྗེས་བསྟན་དོན། གཟའ་འཁོར་རྗེས་མར་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་རྒྱུའི་སྐོར་གྱི་གྲོས་མོལ་སླར་གསོ་བྱ་རྒྱུ་ཐག་གཅོད་བྱས་ཡོད། བསྒྲགས་པའི་གནས་ཚུལ་གྱི་ནང་དུ་ཨ་མེ་རི་ཁའི་གསར་འགྱུར་མི་སྣ་ཞིག་གིས་གྲོས་མོལ་སླར་གསོ་བྱེད་པའི་ཞིབ་ཕྲའི་དུས་ཚོད་གཏན་འཁེལ་བྱས་མེད་པར་བཤད།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས23ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། དམག་འཁྲུག་སྐབས་སུ་ནེ་ཀི་ཡིས་མུ་མཐུད་དུ་ཧ་མ་སི་དང་གྲོས་མོལ་བྱ་རྒྱུ་ཐག་གཅོད་བྱས་ཡོད། གཞུང་སྒྲུབ་ཁང་དེས་ཉིན་དེའི་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། དམག་འཁྲུག་སྐབས་སུ་ནེ་ཀི་ཡིས་ཚེས22ཉིན་གྱི་དགོང་མོར་ཚོགས་འདུ་འཚོགས་ཏེ། གྲོས་མོལ་འཐུས་མིས་མུ་མཐུད་དུ་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་པར་གྲོས་མཐུན་འགོད་དགོས་པའི་བཀའ་བཏང་ཡོད་མོད། འོན་ཀྱང་། གྲོས་མོལ་སླར་གསོ་བྱེད་པའི་དུས་ཚོད་དང་ཞིབ་ཕྲའི་གནས་ཚུལ་གཞན་དག་གླེང་མེད།
ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་བ་གསར་པ་བྱུང་ནས་ཟླ་བདུན་ལྷག་འགོར་བའི་རིང་ལ། དབྱི་སི་རལ་དང་ཧ་མ་སི་ཡིས་ཐེངས་མང་པོར་གྲོས་མོལ་བྱས་མྱོང་། ན་ནིང་གི་ཟླ11པར་དུས་ཡུན་ཐུང་ངུའི་དམག་འཁྲུག་རྒྱག་མཚམས་བཞག་པར་མ་ཟད་བཀག་ཉར་བྱས་པའི་མི་སྣ་སྐོར་ཞིག་བརྗེ་རེས་བྱས་རྗེས་ཡང་བསྐྱར་གྲག་འགུལ་གསར་པ་བྱུང་མེད། ཟླ་འདིའི་ཚེས7ཉིན་ནས་བཟུང་། ཧ་མ་སི་དང་དབྱི་སི་རལ། འབྲེལ་ཡོད་འདུམ་སྒྲིག་ཕྱོགས་ཀྱིས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མོལ་བྱས་པ་རེད། དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཚེས9ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མོལ་མཚམས་ཆད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལཱ་ཧྥ་རུ་ཚུར་རྒོལ་བྱེད་བཞིན་ཡོད་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།