འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་ཀྲུང་གོ་འཐུབ་ཚབ་ཚོགས་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ནས་བརྗེ་རེས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ཟེར།
2024.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་ཀྲུང་གོ་འཐུབ་ཚབ་ཚོགས་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ནས་བརྗེ་རེས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ཟེར།

ཚེས25ཉིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་རྒྱུ་ཡིན་པའི་ཀྲུང་གོ་འཐུས་ཚབ་ཚོགས་པ་སུའེ་ཙེར་གྱི་རི་ནེ་ཝ་རུ་སྨྱན་བྱད་ལབ་གླེང་ཚོགས་འདུར་ཞུགས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཞུའེ་ཐའོ་དང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་རྒྱུན་སྡོད་ལས་སྒྲུབ་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་ཚབ་ཚོགས་པའི་གཞུང་ཚབ་ཚན་ཙན་དབྱང་ཀྲི་ལུན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མཱིས་ཏོ་ལབ་གླེང་ཚོགས་འདུར་ཞུགས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།

ཚའོ་ཞུའེ་ཐའོ་ཡིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚེས27ཉིན་བསྡུ་རྒྱུ་ཡིན་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས77པར་ཞུགས་རྒྱུ་རེད། ཁོས་བསྟན་དོན། དུས་ཡུན་རིང་པོར་ཀྲུང་གོས་འབད་པ་ཆེན་པོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་བཞིན་པ་དང་། རྒྱུན་ཆད་མེད་པར་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་དང་ཁྱབ་ཁོངས་བར་གྱི་མཉམ་ལས་རྐྱེན་སྲོལ་ཁྲོད་ཧུར་ཐག་གིས་ཞུགས་ཏེ་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་ཡིན་ཟེར།

ཚའོ་ཞུའེ་ཐའོ་ཡིས་བཤད་རྒྱུར། པྲོག་གསར་རིམས་ནད་བྱུང་རྗེས། ཀྲུང་གོས་དུས་ལྟར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་རང་བཞིན་གྱི་རྩ་འཛུགས་བཅས་འདུ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔ་གཞུག་བྱས་ཏེ་རིམས་ནད་གནས་ཚུལ་སུམ་སྟོང་ཙམ་ཁྱབ་བསྒྲགས་བྱས་ཤིང་། འཛམ་གླིང་གི་རྒྱལ་ཁབ160ལྷག་དང་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་བཅུ་ཕྲག་ལྷག་ལ་རིམས་ནད་འགོག་སྡོམ་དང་བརྟག་བཅོས་ཇུས་གཞི་སོགས་ལག་རྩལ་ཡིག་ཆ་མང་པོ་མཉམ་སྤྱོད་བྱས་པར་མ་ཟད། ཆེད་ལས་མཁས་པའི་ཞིབ་འཇུག་བགྲོ་གླེང་དང་རྒྱང་བསྟེན་གྲོས་ཚོགས300ཙམ་སྤེལ་ཡོད་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ34ལ་རིམས་འགོག་ཆེད་མཁས་པའི་རྩ་འཛུགས38མངག་གཏོང་བྱས་པ་དང་། རྒྱལ་ཁབ50ལྷག་ཏུ་ཀྲུང་གོའི་སྨན་བཅོས་རུ་ཁག་ཡུན་རིང་མངག་སྡོད་བྱས་ནས་རིམས་ནད་འགོག་སྡོམ་བྱ་བར་མཛུབ་སྟོན་བྱེད་པའི་ལས་དོན་སྤེལ་བ་རེད།

ཚའོ་ཞུའེ་ཐའོ་ཡིས་ད་དུང་བཤད་རྒྱུར། ཀྲུང་གོས་རྒྱལ་ཁབ160ལྷག་དང་། རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་དུ་འཕྲོད་བསྟེན་མཉམ་ལས་ཀྱི་གྲོས་མཐུན་སྟེང་མིང་རྟགས་བཀོད་ནས། རྒྱུད་གཅིག་ལམ་གཅིག་གི་སྤྱི་བའི་འཕྲོད་བསྟེན་མཉམ་ལས་དྲ་རྒྱ་སོགས་མཉམ་ལས་སྟེགས་བུ་བཙུགས་ནས། མཉམ་ལས་གྲོགས་པོའི་ཚོམས་བུ་རྒྱ་བསྐྱེད་པ་དང་། འཛམ་གླིང་དང་ཁུལ་ཁོངས་ཀྱི་འཕྲོད་བསྟེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དུས་མཉམ་དུ། ཀྲུང་གོས་ད་དུང་དགོས་མཁོ་ཡོད་པའི་རྒྱལ་ཁབ་དུ་མུ་མཐུད་ཀྲུང་གོའི་སྨན་བཅོས་རུ་ཁག་མངག་གཏོང་བྱས་ཏེ། རྒྱལ་ཁབ43ཀྱི་སྨན་ཁང48བར་ཁ་གཏད་མཉམ་ལས་བྱ་བ་སྤེལ་བ་དང་། རྒྱལ་ཁབ30ལྷག་ཏུ་ལིང་ཏོག་གི་ནད་སླར་གསོ་དང་སྙིང་ནད་བཤགས་བཅོས་བརྟག་བཅོས་ཀྱི་བྱ་བ་ལག་བསྟར་བྱས་ནས་ཚེ་སྲོག་གྲངས་མེད་སྐྱོབ་བཅོས་བྱས།

དབྱང་ཀྲི་ལུན་གྱིས་ལབ་གླེང་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར། འཛམ་གླིང་གི་ཕྱོགས་སོ་སོས་འགོ་ནད་རིགས་ཇི་ལྟར་སྔོན་འགོག་དང་དེར་ཇི་ལྟར་ཁ་གཏད་འཇལ་བ། མིའི་རིགས་ཡོངས་ཀྱི་བདེ་ཐང་བདེ་སྐྱིད་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཀྱི་ཁ་བརྡ་དང་མཉམ་ལས་བྱ་བ་སྤེལ་བཞིན་ཡོད་པས། འཛམ་གླིང་འཕྲོད་བསྟེན་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་བྱེད་དགོས། བྲེལ་མྱུར་ཆེ་བའི་དུས་སྐབས་འདིར། ཐེ་ཝན་དམངས་གཙོ་སྐུལ་འདེད་ཏང་གིས་རྒྱལ་ཁབ་ཉུང་ཤས་བར་ཡང་བསྐྱར་ཁ་གཏད་དུ་ལངས་པའི་ངོ་མདོག་བསྟན་ནས་ཐེ་ཝན་ལྟ་ཞིབ་པའི་ཐོབ་ཐང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པའི་གྲོས་གཞི་བཏོན་པ་ནི། འོས་འཚམ་ཞིག་མིན་པར་མ་ཟད་དོན་དངོས་དང་མི་མཐུན་ཞེས་བཤད།

དབྱང་ཀྲི་ལུན་གྱིས་བཤད་རྒྱུར། 1971ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་གཉིས་བདུན་ལྔ་བརྒྱད་དང1972ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་གཉིས་ལྔ་དང་གྲངས་ཆུང་གཅིག་ལས་གསལ་བོར་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་འཐུས་མིས་ཀྲུང་གོ་དེ་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛུགས་ཀྱི་ཁྲིམས་མཐུན་འཐུབ་མི་གཅིག་པུ་ཡིན་པ་ཁས་ལེན་བྱས་ཤིང་། ཆབ་སྲིད་དང་བཅའ་ཁྲིམས། སྒྲིག་རིམ་བཅས་ཀྱི་སྟེང་ཐེ་ཝན་ནང་དུ་འདུ་བའི་ཀྲུང་གོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་དབང་ཆའི་གནད་དོན་གསལ་དག་གིས་ཐག་གཅོད་བྱས་པ་རེད། བཅའ་ཁྲིམས་ཡིག་ཆ་འདི་དག་གིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་སྲོག་ཤིང་ནང་དོན་ཆ་ཚང་དང་གནད་འཁེལ་སྒོས་གསལ་འགྲེལ་བྱས་ཡོད་པ་ནི། འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་ཐེ་ཝན་ནི་ཀྲུང་གོའི་གྲུབ་ཆ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པ་གསལ་བོ་བསྟན་ཡོད། ཐེ་ཝན་འདྲེས་པའི་ཇུས་གཞི་དེ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་དུ་སོང་ཞིང་། ཁྲིམས་འགལ་དང་ནུས་མེད་དུ་གྱུར་ཡོད་པས། ཁྲིམས་སྲོལ་དང་མི་མཐུན་ཟེར།

དབྱང་ཀྲི་ལུན་གྱིས་ད་དུང་བཤད་རྒྱུར། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་ཐེ་ཝན་སྤུན་ཟླའི་བདེ་ཐང་བདེ་སྐྱིད་ལ་ཧ་ཅང་མཐོང་ཆེན་བྱས་ཡོད། ཀྲུང་གོ་གཅིག་གི་རྩ་དོན་གྱི་སྔོན་འགྲོའི་འོག ཐེ་ཝན་ས་ཁུལ་འཛམ་གླིང་འཕྲོད་བསྟེན་ལས་དོན་ཁྲོད་ཞུགས་པར་བཀོད་སྒྲིག་ཡང་དག་བརྒྱབ་ནས། ཐེ་ཝན་དམངས་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་འགན་སྲུང་གང་ལེགས་བྱས་ཡོད། དུས་རིམ་ཞིག་གི་ཚུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བས་ཀྲུང་གོ་ཕྱོགས་ཀྱིས་གྲོས་ཆོད་གཉིས་བདུན་ལྔ་བརྒྱད་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བརྟན་པོ་བྱེད་པ། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པར་ངོ་རྒོལ་བྱེད་པ་བཅས་ལ་ཡང་བསྐྱར་གྲོས་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་པས། རྒྱལ་ཁབ་བརྒྱའི་ཡན་གྱིས་ཆེད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་སོགས་ལ་འཕྲིན་ཡིག་སྐུར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས། འདི་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཕྱོགས་དང་གནས་བབ་ཀྱི་ཁ་ཕྱོགས་མངོན་མཚོན་བྱས་ཡོད། རྒྱལ་ཁབ་ཉུང་ཤས་ཤིག་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཁ་གཡར་ནས་ཐེ་ཝན་ལ་ངན་སྐུལ་བྱེད་པ་དང་ཐེ་ཝན་ལས་ཀྲུང་གོར་ཚོད་འཛིན་བྱེད་འདོད་ཡིན་པས་དེའི་རིགས་རྒྱལ་ཁབ་མང་ཆེ་བ་དང་ཁ་གཏད་དུ་ལངས་པའི་རྐྱེན། གྲངས་ཉུང་ཕྱོགས་ཁག་ཏུ་གྱུར་ཡོད་ནའང་། དེ་ཚོས་ཡང་བསྐྱར་ཡང་དག་པའི་གདམ་གསེས་བྱེད་པར་ཡིད་ཆེས་བྱས་ཡོད་ཟེར།

མཱིས་ཏོ་ཡིས་ལབ་གླེང་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་ཐོག་མར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གོ་གནས་སུ་བཞག་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། དམངས་ཡོངས་ཀྱི་བདེ་ཐང་ཡོངས་སུ་ཁེབས་པར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། མིག་སྔར་ཀྲུང་གོས་འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་ཤིང་། དུས་མཉམ་དུ་འཛམ་གླིང་སྟེང་ཆེས་ཆེ་བའི་སྨན་བཅོས་འགན་སྲུང་མ་ལག་བཙུགས་ཡོད་ཞེས་བཤད།

མཱིས་ཏོ་ཡིས་བཤད་རྒྱུར། ཀྲུང་གོ་འཛམ་གླིང་འཕྲོད་བསྟེན་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ཏེ། འཛམ་གླིང་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཤུགས་དྲག་ཏུ་གཏོང་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྨན་བཅོས་རུ་ཁག་མངག་གཏོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་ཚང་མའི་བདེ་ཐང་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས77པ་སྤྱི་ཟླ5ཚེས27ཉིན་ནས་སྤྱི་ཟླ6ཚེས1ཉིན་བར་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་ལ། གྲོས་ཚོགས་ཀྱི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་བརྗོད་དོན་ནི་ཡོད་ཚད་བདེ་ཐང་ཆེད། མི་ཚང་མས་བདེ་ཐང་ལོངས་སུ་སྤྱོད་ཞེས་པ་དེ་ཡིན། ཀྲུང་གོའི་འཐུས་ཚབ་ཚོགས་པས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ལག་རྩལ་གྲོས་གཞིའི་གྲོས་མོལ་སོ་སོའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལབ་གླེང་ཚོགས་འདུ་དང་། གྲོས་སྡུར་གྲོས་མོལ་སོགས་ཀྱི་བྱ་འགུལ་ཁྲོད་འབད་པས་ཞུགས་ཏེ། ཕྱོགས་སོ་སོ་དང་བསམ་ཚུལ་བརྗེ་རེས་བྱས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་བར་ཀྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།