ནའོ་སའེ་ཏ་ལ་ལི་ཐོ་ཝན་གྱི་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2024.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས27ཉིན་གྱི་ཐོ་རེངས་ཁར་ལི་ཐོ་ཝན་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་རྩིས་རྒྱག་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ཐུང་ནའོ་སའེ་ཏ་ལ་ལི་ཐོ་ཝན་གྱི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་སྐབས་རྒྱལ་ཁ་ཐོབ་ཡོད་པ་རེད།

འདེམས་ཤོག་རྩིས་རྒྱག་མཇུག་འབྲས་ལས་མངོན་པ་ལྟར་ན། ཚེས26ཉིན་ཚོགས་པའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་སྐབས།  ནའོ་སའེ་ཏ་ལ་འདེམས་ཤོག་ཐོབ་ཚད74.43%ཟིན་པ་དང་། ཁོའི་འགྲན་ཡ་ད་ལྟའི་ཙུང་ལི་ཞི་མོ་ཉི་ཐི་ལ་འདེམས་ཤོག་ཐོབ་ཚད24.06%ཟིན་ཡོད་པ་རེད།

ནའོ་སའེ་ཏ་ཡིས་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས་ཁོར་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཞི་མོ་ནེ་ཐི་ཡིས་ཁོ་རང་འདེམ་བསྐོ་ལས་ཕམ་པར་ཁས་ལེན་བྱེད་བཞིན་ཡོད་པར་མ་ཟད། ནའོ་སའེ་ཏ་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་ཡོད།

ཟླ5ཚེས12ཉིན་ཚོགས་པའི་རེས་སྐོར་དང་པོའི་འདེམས་བསྐོའི་ཁྲོད།   ནའོ་སའེ་ཏ་ལ་འདེམས་ཤོག43.95%ཐོབ་ནས་ཨང་དང་པོ་ཡིན་པ་དང་།  ཞི་མོ་ཉི་ཐི་ལ་འདེམས་ཤོག20.5%ཐོབ་ནས་ཨང་གཉིས་པ་རེད།  ཁོ་གཉིས་ཀྱི་འདེམས་ཤོག་ཐོབ་ཚད་ཕྱེད་ཀ་ལས་བརྒལ་མེད་པས་ལི་ཐོ་ཝན་གྱི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁོ་གཉིས་རེས་སྐོར་གཉིས་པའི་འགྲན་བསྡུར་ལ་ཞུགས་པ་དང་། འདེམས་ཤོག་ཐོབ་ཚད་མང་བ་དེ་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ་རེད།

ལི་ཐོ་ཝན་གྱི་ཙུང་ཐུང་གི་འགན་འཁུར་ཡུན་ལོ5ཡིན་ལ་ཆེས་རིང་ན་སྐབས་གཉིས་ལས་བརྒལ་མི་ཆོག

གཡང་འབུམ་རྒྱལ་གྱིས་བསྒྱུར།