ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་ཡུལ་གྱར་བའི་སྒར་ས་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། ཡུལ་གྱར་བའི་སྒར་ས་དེའི་ནང་འགྲོ་སའི་ཁྱིམ་མེད་པའི་མི་མང་བོ་ཡོད་ལ། འགས་གཏོར་ལས་གཞི་རྒྱ་ཆེ་བའི་མེ་སྐྱོན་བྱུང་ཡོད་ཟེར། ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། མི་མང་བོ་མེ་སྐྱོན་བྱུང་སར་ཁགས་ཡོད་པ་དང་། རྒུད་སྐྱོབ་མི་སྣ་དེར་འབྱོར་ཐབས་མེད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་གྲོང་ཁྱེར་གྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་འཇབ་རྒོལ་བྱས་པ་ནི་ཡ་ང་བའི་དམར་གསོད་ཅིག་རེད་ཟེར། གསལ་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ལ་ཕྱོགས་ཡོངས་ནས་བཙན་འཛུལ་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས་རང་གིས་ལཱ་ཧྥ་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པ་ཁས་ལེན་བྱས་པར་མ་ཟད། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་དམིགས་འབེན་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་ཁོངས་སུ་གཏོགས་པའི་ར་བ་ཆེན་མོ་ཞིག་ཡིན་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་དང་དེ་ལས་བྱུང་བའི་མེ་སྐྱོན་གྱིས་མི་སེར་དཀྱུས་མ་རེ་འགར་གནོད་སྐྱེལ་བའི་གནས་ཚུལ་བསྒྲགས་བཞིན་པར་དོ་སྣང་བྱས་ཡོད་པ་དང་། དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ལཱ་ཧྥ་ནས་ཧཱ་མཱ་སིའི་བཀོད་འདོམ་དཔོན་པོ་གཅིག་དང་མཐོ་རིམ་དཔོན་པོ་གཅིག་བསད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།