ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས་ཉེར་དྲུག་ཉིན་ཡང་བསྐྱར་གསལ་སྒྲོག་སྤེལ་ནས། ཕཱ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་བསྐྱར་སྒྲོག་བྱས།
ཞཱ་པཱ་ཙི་ཡིས་ཉིན་དེར་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། ཀྲུང་གོའི་སྤུན་ཟླ་བཟང་བོ་དང་འཐབ་ཇུས་གྲོགས་པོ་ཡིན་པའི་ཆ་ནས། ཕཱ་ཁི་སི་ཐན་གྱིས་ནམ་རྒྱུན་ཀྲུང་གོའི་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། ཐེ་ཝན་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཏུ་རློམ་ཡོད་ལ། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཐད་བསྒྲུབས་པའི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་ཡིས་ཉེ་སྔོན་ཀྲུང་གོའི་སྨྱན་བྱད་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ཕཱ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོར་མཐའ་གཅིག་ཏུ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་བཞིན་ཡོད། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་ཟེར།
ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པའོ་ལིག་ཁྲུ་ཡིས་ཀྱང་ཉེ་སྔོན་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་ཟེར། ཁོ་མོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་གཉིས་བདུན་ལྔ་བརྒྱད་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཡོད་ཚད་སླར་གསོ་བྱས་པ་དང་། ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་འཐུས་མི་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པ་ཁས་ལེན་བྱས་ཡོད། གྲོས་ཆོད་དེའི་དབང་གྲགས་རང་བཞིན་ལ་ཐེ་ཚོམ་ཟ་དགོས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།