ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སིའི་ཙུང་ཐུང་གིས་གྲོས་མོལ་བྱས།
2024.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཆི་ཡའོ་ཡེ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་རྒྱལ་ས་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲོས་བསྡུར་བྱས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བར་ཡིད་ཚིམས་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་ཉོ་ཚོང་འབོར་གྲངས་དང་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་དངུལ་གཏོང་ཇེ་མང་དུ་གཏོང་བ་དང་། ཐོན་ལས་མཉམ་ལས་མུ་མཐུད་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལས་གཞིའི་སྤྱི་འབོར་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་ལྔར་བསླེབས་ཡོད་ཟེར།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་དངུལ་གཏོང་སྟེགས་བུ་འཛུགས་པར་གཅིག་གྱུར་ཡིད་འཐད་བྱུང་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་བར་གྱི་མམཉ་ལས་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན་ཡོད་ཟེར།

ཕུའུ་ཅིན་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཐཱ་ཧྲི་ཀན་དུ་འབྱོར་ནས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།